དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།

    “ཞིང་གསུམ”ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-30

    ཚེས་28ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་ཀྱིས་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་གྱི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རྒྱལ་ཡོངས་ཀྱི་དགུན་དཔྱིད་ཀྱི་ཞིང་ཁའི་ཆུ་བེད་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་། ཉེ་དུས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལས་དོན་ལ་བཀོད་གཏོང་། དགུན་དཔྱིད་ཀྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བཅས་གནང་བ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་ཞིང་རྟེན་འབྲུ་གསོག་དང་རྩལ་རྟེན་འབྲུ་གསོག་གིས་གྲངས་འབོར་དང་སྤུས་ཚད་གལ་ཆེ་མཉམ་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལེ་ལག་ཚང་བའི་ཆུ་བེད་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་རྒྱག་པ། རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་ཐུབ་པར་རྨང་གཞི་འདིང་དགོས་པ་དང་། རྒྱུན་མཐུད་ནུས་ཤུགས་འདོན་པ་དང་སྙིང་རུས་བརྟན་འཁྱོངས་ཀྱིས་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། ལོ་མཇུག་གི་དཔྱད་ཞིབ་ཚོད་སྐོར་སྣ་ཚོགས་ལ་ཚད་མཐོའི་མཐོང་ཆེན་དང་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ། གནོད་འཚེ་འགོག་ཟོན་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ལོ་འཁོར་གྱི“ཞིང་གསུམ”ལས་འགན་ཐུགས་གྲ་ལེགས་འགྲིག་ཡོང་བར་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།