དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-30

    ཚེས་28ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དྲུག་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་ཁོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་44ཚོགས་འདུར་ཞུགས་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

    ཚོགས་འདུར་རང་སྐྱོང་ལྗོངས་སྲིད་གཞུང་གི་གཞུང་རྒྱུ་ཨུ་ལྷན་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་སྤེལ་བའི་2022ལོའི་ལོ་འཁོར་གྱི་ཁེ་ལས་ཀྱི་གཞུང་རྒྱུར་དོ་དམ་བྱས་པའི་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་སེང་ཉན་པ་དང་། རང་སྐྱོང་ལྗོངས་རྩིས་བཤེར་ཐིང་གིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་སྤེལ་བའི་2022ལོའི་ལོ་འཁོར་གྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་གྱི་གནས་ཚུལ་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་ལ་རྩིས་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་དག་ཐེར་གནས་ཚུལ་སྐོར་གྱི་སྙན་སེང་ཉན་པ། རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མངགས་བཅོལ་བྱས་པའི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་གནས་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་རེད།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཞིང་ལས་དང་གྲོང་གསེབ་དང་ཁོར་ཡུག་ཐོན་ཁུངས་ཨུ་ལྷན་གྱིས་བྱས་པའི་2023ལོའི་ཀྲུང་ཧྭ་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད-བོད་སྐྱོད་བྱེད་སྒོའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་བྱས་པའི་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)སློབ་གཉེར་གནས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ་ཉན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་བྱས་པའི་ལས་ཞུགས་བོད་སྐྱོར་ལས་དོན་སྐོར་གྱི་བརྟག་ཞིབ་སྙན་ཞུ་ཉན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་མི་རིགས་ཆོས་ལུགས་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་ཨུ་ལྷན་གྱིས་བྱས་པའི《ཆོས་ལུགས་ལས་དོན་སྲོལ་ཡིག》དང་དེ་བཞིན《བོད་རང་སྐྱོང་ལྗོངས་ཀྱི〈ཆོས་ལུགས་ལས་དོན་སྲོལ་ཡིག〉ལག་བསྟར་བྱ་ཐབས》སློབ་སྦྱོང་ལག་བསྟར་གནས་ཚུལ་སྐོར་གྱི་བརྟག་ཞིབ་སྙན་ཞུ་ཉན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འཐུས་མིའི་མི་དོན་འདེམས་བསྐོའི་ལས་དོན་ཨུ་ལྷན་གྱིས་བྱས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་གཅིག་སྒྲིག་འཛུགས་བྱས་ནས་འཐུས་མིས་བཏོན་པའི་གྲོས་འགོ་སྒྲུབ་འགན་འཁུར་མཁན་ཚན་པར་བསྐྱོད་དེ་གྲོས་འགོ་སྒྲུབ་གཉེར་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུ་ཉན་པ་རེད།

    ཚོགས་འདུའི་ཐོག་ད་དུང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་འཐུས་མིའི་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་སྒྲུབ་གཉེར་གནས་ཚུལ་གྱི་སྙན་ཞུ་སོགས་ཉན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།