ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་ཐད་གཏོགས་ཚན་པ་དང་། ཁེ་ལས། དགོན་སྡེ་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་གྱི་སྡོད་ཁང་འཛུགས་སྐྲུན་ཅུས་སྡོད་ཁང་འགན་སྲུང་ཁོའོ་ཡི་ལས་དོན་མི་སྣའི་ས་ནས་ཁུལ་ཆུང་རྙིང་པ་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་ཐད་གཏོགས་ཚན་པ་དང་། ཁེ་ལས། དགོན་སྡེ་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་རྟ་རྭ་འོག་སྦི་རག་དང་ཐན་མུའུ་ཡོན་འབྲི་གཡག་དཀར་ཆུའི་ལས་རིགས་ཚད་ཡོད་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས། ཁ་ཕྱོགས་གསལ་སྟོན་དང་། གཙོ་གནད་མངོན་གསལ་དོད་པ། སྟོབས་ཤུགས་གཅིག་སྡུད་བཅས་བྱས་ཏེ་ལས་ཀའི་ཞན་ཆ་བསལ་ནས་འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཞབས་ཞུའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་རྣམ་གྲངས་ཆེ་གྲས་དང་རྣམ་གྲངས་ཡག་པོ་ནང་འདྲེན་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཟམ་མི་ཆད་པར་བསྣན་ཡོད། ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ནས་འདུ་ཤེས་གསར་པ་དང་། ལག་རྩལ་གསར་པ། བཟོ་རྩལ་གསར་པ་བཅས་ནང་འདྲེན་ཧུར་ཐག་བྱས་ཏེ་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་མི་མངོན་པའི་ནུས་པ་ཟམ་མི་ཆད་པར་འཕེལ་བར་བྱེད་དགོས། སྤུས་རྟགས་ཀྱི་འཐབ་ཇུས་མཐའ་འཁྱོངས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པར་གཞི་ཚུགས་ནས་སྤུས་རྟགས་སྟོབས་ཆེར་གཏོང་བ་དང་། སྤུས་ཚད་ལེགས་སུ་གཏོང་བ། སྣ་ཁ་གསར་གཏོད་བྱེད་པ། བོད་ཀྱི་སྤུས་རྟགས་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས་ས་ཁོངས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།
གཞིས་རྩེ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་སྡོད་ཁང་འགན་སྲུང་ཁོའོ་དང་ཏང་འཛུགས་སྐྱོང་གཞུང་ལས་ཁང་དུ་ཝང་ཅུན་ཀྲེང་གིས་ངོ་སྤྲོད་གསན་པ་དང་དཔྱད་གཞིར་གཟིགས་བཞིན་དུ་ཁུལ་ཆུང་རྙིང་པ་དང་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། སྡོད་ཁང་འགན་སྲུང་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་མང་དུ་གཏོང་བ། སྡོད་ཁང་སྐྱོ་ཁུལ་ལ་གོ་རིམ་ལྡན་པའི་ངང་སྒྱུར་བཀོད་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང་། གྲོང་ཁྱེར་གསར་སྒྱུར་ལས་དོན་ལ་ཁྱོན་ཡོངས་ནས་ཞིབ་འཇུག་དང་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཆ་རྐྱེན་དང་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས། བདེ་འཇགས་ཀྱི་མཐའ་ཚད་དམ་པོར་སྲུང་བ་དང་། རྒྱུན་རྣམ་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། འབར་རླངས་དང་། སྡོད་ཁང་གྲོང་དོན་ལས་གྲྭ རང་ཉིད་ཀྱིས་བརྒྱབ་པའི་སྡོད་ཁང་སོགས་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
བཀྲས་ལྷུན་དགོན་དུ་ཕེབས་སྐབས་ཝང་ཅུན་ཀྲེང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཀྲས་ལྷུན་དགོན་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་དང་པོ་ས་ལུང་ཕུན་ལགས་ཀྱི་ཕེབས་རོགས་འོག་དགོན་སྡེའི“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོགས་གནང་ཞིང་། ཁོང་གིས། “འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཚུན་རྒྱ་ཆེའི་གྲྭ་བཙུན་ཚོའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། རྒྱལ་སྐྱོང་འགྲོ་ཕན་གྱི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ཡོད། བཀྲས་ལྷུན་དགོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་བྱས་ནས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་རྒྱལ་གཅེས་ཆོས་གཅེས་དང་མཐུན་སྒྲིལ་གཅིག་གྱུར་གྱི་གཟི་བརྗིད་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རྒྱལ་ཁབ་དང་མི་དམངས་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་བྱ་བ་མང་ཙམ་བསྒྲུབས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་བར་ཁྲིད་སྟོན་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་གྱི་ལས་ཀའི་གནས་ཚུལ་གྱི་སྙན་སེང་གསན་པ་དང་གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། ཁོང་གིས། གཞིས་རྩེར་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཁྱད་དུ་འཕགས་པའི་རིག་གནས་ཀྱི་རྨང་གཞི་ཧ་ཅང་ཟབ་མོ་ཡོད་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལས་ཧ་ཅང་གལ་འགངས་ཆེ་བའི་འཐབ་ཇུས་ཀྱི་གནས་བབ་བཟུང་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། མིག་སྔར་སྤེལ་བཞིན་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལ་དྲིལ་བསྒྲགས་བྱེད་ཤུགས་དང་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མང་ཚོགས་ལ་དྲིལ་བསྒྲགས་དང་གཞི་རིམ་ལ་དྲིལ་བསྒྲགས་བྱེད་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་བཅོས་སྒྲིག ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་ཡག་པོ་འདོན་པ་བཅས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་སྤྱི་ཡོངས་ཀྱི་ལྟ་བ་ཟབ་ཏུ་བཏང་སྟེ་ས་ཁུལ་དེ་རང་དང་། སྡེ་ཚན་དེ་རང་། ལས་རིགས་དེ་རང་བཅས་ཀྱི་ལས་དོན་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་སུ་རང་རྟོགས་ངང་བཞག་ནས་བསམ་གཞིག་ཇུས་འགོད་དང་ཞིབ་འཇུག་སྐུལ་འདེད་གཏོང་དགོས། བསམ་བློར་བཅིངས་འགྲོལ་དང་། འདུ་ཤེས་གསར་བརྗེ། དུས་རབས་ཀྱི་གོམ་པའི་རྗེས་སུ་སྙེག་པ། ལག་ལེན་འཕེལ་རྒྱས་དང་བསྟུན་པ། མཁྲེགས་བཟུང་གི་བསམ་བློ་འདོར་བ། ཐབས་ལམ་རྙིང་པར་ཞེན་ཆགས་མི་བྱེད་པ། བསམ་ཕྱོགས་གསར་པ་ཆགས་པ། བྱེད་ཐབས་གསར་པ་འདོན་པ། གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཏེ་བསམ་བློའི་འགྱུར་ལྡོག་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་ནས་ལས་ཀའི་ཤུགས་རྒྱག་ས་མངོན་གསལ་དོད་ཤོས་ཀྱི་འགལ་ཟླ་དང་གནད་དོན་ཐོག་འཇོག་པ་དང་། གནས་ཀྱིས་ཁྱོན་ཁྲིད་དེ་དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་གང་ལེགས་བཏོན་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་རིང་འཐབ་ཇུས་ཀྱི་ཚད་བརྒལ་ཡོང་བ་དང་། འཐབ་ཇུས་ཀྱི་སྤྱི་ཡོངས་ལ་སྟངས་འཛིན་འཕྱུགས་མེད་བྱེད་རིང་བྱ་གཞག་ཁག་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། ས་ཁོངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་སྒོ་དབྱེའི་ཆུ་ཚད་མཐོ་རུ་བཏང་སྟེ། ས་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ལྟེ་བའི་གྲོང་ཁྱེར་སྐྲུན་རིང་ཚད་བརྒལ་ཡོང་བར་འབད་བརྩོན་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ནས་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་བསྒྲུབས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་མ་དངུལ་ནུས་ལྡན་འཇོག་རྒྱ་ཆེ་རུ་གཏོང་བ་དང་། རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་ནས་གཞིས་རྩེའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་གསར་པ་ཞིག་ཧུར་ཐག་གཏོད་དགོས་པ་དང་། གསོན་ཤུགས་ལྡན་ཤོས་ནི་སྒོ་དབྱེའི་དཔལ་འབྱོར་ཡིན་པ་དང་འགྲན་རྩོད་ཀྱི་ནུས་པ་ལྡན་ཤོས་ནི་སྒོ་དབྱེའི་ས་ཁུལ་ཡིན་པས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་བ་དང་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ། ནེ་པ་ལར་ཕྱོགས་ནས་སྒོ་མོ་འབྱེད་པ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་འཐོབ་པར་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་ཐོག་མཐའ་བར་གསུམ་དུ་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ནས། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་ལས་ཀ་བྱེད་སྟངས་ལེགས་སུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་མཐའ་འཁྱོངས་འཇོག་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་བ་བཅས་བྱེད་དགོས། མཐའ་སྟོབས་མཐའ་བརྟན་མཐའ་དར་དམངས་ཕྱུག་མཐའ་འཁྱོངས་ཀྱིས་མཐའ་མཚམས་འཛུགས་སྐྲུན་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ནས་མཐའ་བརྟན་མཐའ་སྟོབས་ཀྱི་ལྕགས་ཀྱི་ལྕགས་རི་རིང་པོ་བརྟན་པོ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། ཕྱོགས་ཡོངས་ནས་ཏང་ནན་པོས་མཐའ་འཁྱོངས་བསྐྱངས་ནས་མུ་མཐུད་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་འཛུགས་དགོས་པ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་གཏིང་ཟབ་བསྟར་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་བཟང་འདེམས་འཇོན་བསྐོ་དང་། རྨང་རྩ་གཉིས་བརྟན། མི་སྣ་གསོ་སྐྱོང་དང་ཤེས་ལྡན་པ་འདུ་སྤྱོད་བཅས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས། གཞི་རིམ་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ་འདེམས་འཐེན་དང་། གསོ་སྐྱོང་། བཀོལ་སྤྱོད་བཅས་བྱེད་མཁས་པོ་དང་། ཕུལ་བྱུང་ཤེས་ལྡན་པའི་རྩལ་ནུས་ཀུན་འདོན་གྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བཅས་བྱས་ནས་དངོས་སྒྲུབ་ལ་བརྩི་མཐོང་དང་འགན་འཁྲི་འཁུར་བར་ལྕག་སྐུལ་བྱེད་པའི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས། སྤྱོད་ཚུལ་ལེགས་སུ་ཏན་ཏིག་བཏང་ནས་ཏང་ཀྲུང་དབྱང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞི་རིམ་དུ་ཆད་ལུས་མེད་པར་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།