དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གསུམ་པའི་སྐོར་གཟིགས་ཚོགས་ཆུང་གིས་བརྡ་ལན་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-28

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གསུམ་པའི་སྐོར་གཟིགས་ཀྱི་བརྡ་ལན་སྤྲོད་པའི་ལས་དོན་ཉེ་ཆར་ཚང་མ་ལེགས་གྲུབ་ཟིན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན། རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཝང་ཝུའེ་ཏུང་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་ཚན་ཁག་གི་ཁོངས་མི་བརྡ་ལན་སྤྲོད་པའི་ཚོགས་འདུ་ཁག་གཅིག་ལ་ཞུགས་པ་མ་ཟད། སྐོར་གཟིགས་དག་ཐེར་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་ཐད་བླང་བྱ་ཡང་བཏོན་པ་རེད།

    ཟླ་11ཚེས་23ཉིན་ནས་ཚེས་25ཉིན་བར། སྐོར་གཟིགས་ཚོགས་ཆུང་8ཀྱིས་རེས་སྐོར་འདིའི་སྐོར་གཟིགས་བྱ་ཡུལ་ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་དེ་བཞིན་ཁོངས་གཏོགས་རྫོང(གྲོང་ཁྱེར་དང་ཆུས)དང་། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ལྗོངས་ཆུ་བེད་ཐིང་། ལྗོངས་ལུས་རྩལ་ཅུས་བཅས་ཀྱི་ཏང་ཙུའུ་ལ“གཅིག་གིས་གཅིག”ལ་བརྡ་ལན་སོ་སོར་སྤྲད་པ་རེད། བཀོད་སྒྲིག་གཞིར་བཟུང་། སྐོར་གཟིགས་ཚོགས་ཆུང་ཁག་གིས་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ལ་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་གསུམ་པའི་སྐོར་གཟིགས་གནས་ཚུལ་སྙན་སེང་གསན་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་། ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོར་སྐོར་གཟིགས་བྱས་ནས་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་གྱི་བརྡ་ལན་སྤྲད་པ་མ་ཟད། འགོ་ཁྲིད་ཚན་ཁག་ལ་སྐོར་གཟིགས་ཀྱི་གནས་ཚུལ་བརྡ་ལན་ཡང་སྤྲད་པ་རེད།

    བརྡ་ལན་ནང་ཉེ་བའི་ལོ་ཤས་རིང་སྐོར་གཟིགས་བྱ་ཡུལ་ས་ཁུལ་དང་ཚན་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་ནས་མུ་མཐུད་ཤུགས་བརྒྱབ་པ་དང་། ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་ཁྲོད་ལེགས་སུ་ཕྱིན་པ། ཉིང་ཁྲི་གྲོང་ཁྱེར་གྱི་སྒྱུར་བཅོས་སྒོ་དབྱེ་སྔོན་སྤེལ་ཁུལ་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་སྔར་བས་གཅིག་སྒྲིལ་བྱུང་བ། འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཆུ་བེད། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་ལུགས་བཅས་བསྟན་ཡོད།

    སྐོར་གཟིགས་བྱ་ཡུལ་ས་ཁུལ་དང་སྡེ་ཚན་གྱི་ཏང་རྩ་འཛུགས་ལ་གནས་པའི་མངོན་གསལ་དོད་པའི་གནད་དོན་ལ་བརྡ་ལན་ནན་པོ་སྤྲད་ཡོད་དེ། ཁག་གཅིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་དེ་ཙམ་གཏིང་ཟབ་མ་བྱུང་བ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་གི་བཟོ་ལྟ་ཙམ་སྟོན་པ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་འདོན་ཤུགས་མི་འདང་བ། “འཛུགས་གཏོད་བཞིར”སྤྱི་འདོམས་འཆར་འགོད་དང་སྐུལ་འདེད་གཏོང་ཤུགས་མི་འདང་བ་བཅས་དང་། ཁག་གཅིག་གིས“འགན་འཁྲི་གཉིས”ལག་བསྟར་དེ་ཙམ་མི་ཐུབ་པ་དང་། རྣམ་གྲངས་འཛུགས་སྐྲུན་དང་། སུས་འཇོན་དེ་འགུག གཞུང་ཁོངས་རྒྱུ་ནོར་དོ་དམ་སོགས་ཁྱབ་ཁོངས་ཀྱི་སྤྱོད་གཙང་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་སྔར་བཞིན་ཤུགས་སྣོན་རྒྱག་དགོས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ཆུ་རགས་དེ་བས་བརྟན་དུ་གཏོང་དགོས་པ། སྤྱོད་ཚུལ་ལེགས་འགྱུར་དང་དམ་འཛིན་དང་དོན་འཁྱོལ་གྱི་ལས་དོན་དེ་བས་གཏིང་ཟབ་སྤེལ་དགོས་པ། རུལ་རྒོལ་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ། ཁག་གཅིག་གིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་པོ་མ་བྱུང་བ་དང་། འགོ་ཁྲིད་ཚན་ཁག་ལེགས་སྐྱོང་ལ་ཞན་ཆ་ལྡན་པ། མི་འདེམས་སྤྱོད་དང་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་སྤེལ་ཤུགས་མི་འདང་བ། ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་མ་བྱུང་བ་དང་ཚད་དང་མི་མཐུན་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཐད་ཧེ་བག་ཡོད་པ་བཅས། ཁག་གཅིག་གིས་དག་ཐེར་གྱི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ་དང་། ཟུར་བལྟས་ལེབ་མཐོང་དང་ཕུགས་ཕན་ལམ་སྲོལ་འཛུགས་ཤུགས་མི་འདང་བ། གནད་དོན་ཁག་གཅིག་ཡོ་བསྲང་བྱེད་ཀྱིན་ནོར་འཁྲུལ་ཤོར་བ་བཅས་རེད།

    བརྡ་ལན་ནང་སྐོར་གཟིགས་བྱ་ཡུལ་ས་ཁུལ་དང་ཚན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྐོར་གཟིགས་གནས་ཚུལ་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་ངོས་ཀྱི་འཐབ་ཇུས་ངེས་གནས་ཁོང་དུ་གཏིང་ཟབ་ཆུད་པ་དང་། “འཛུགས་གཏོད་བཞིའི”འགན་འཁྲི་དང་ལས་འགན་རང་རྟོགས་ངང་སྒྲུབ་པ། དམིགས་བསལ་རང་བཞིན་གྱི་གནད་དོན་ལ་དམིགས་པ། ཐུན་མོང་རང་བཞིན་གྱི་གནད་དོན་ལ་དམ་འཛིན་བྱེད་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་པ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ཏན་ཏིག་བྱེད་པར་ཤུགས་སྣོན་རྒྱག་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་སྔར་བས་བྱེད་པ། ཟུར་བལྟས་ལེབ་མཐོང་གིས་རྩ་ལག་མཉམ་བཅོས་གཏིང་ཟབ་བཅས་བྱས་ཏེ་སྐོར་གཟིགས་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    བརྡ་ལན་ནང་སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ནང་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད། སྐོར་གཟིགས་བྱ་ཡུལ་ས་ཁུལ་དང་ཚན་པས་སྐོར་གཟིགས་དག་ཐེར་གྱི་ཆབ་སྲིད་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་དང་ཁོང་དུ་ཆུད་པར་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། དག་ཐེར་གྱི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་ཡག་པོ་འཁུར་བ། དག་ཐེར་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་ཞིབ་ཕྲའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་དགོས་ལ་ཏང་ཨུད(ཏང་ཙུའུ་དང་ཏང་གི་ལས་དོན་ཨུ་ལྷན)ཀྱི་ངོས་ནས་རྒྱུ་རྐྱེན་དབྱེ་ཞིབ་དང་ལམ་ལུགས་དང་ལམ་སྲོལ་གྱི་ངོས་ནས་མི་འདང་ས་འཚོལ་ཞིབ་བྱེད་པར་སྣང་ཆེན་བྱས་ཏེ་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་རྒྱུ་ཟུང་འབྲེལ་གྱིས་སྐོར་གཟིགས་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་། སྐོར་གཟིགས་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད། སྐོར་གཟིགས་ལ་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་བཅས་བཏང་སྟེ་སྐོར་གཟིགས་ཀྱི་རྗེས་མཐུད་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པའི་ནན་བཤད་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་ལ་གནས་པའི་གནད་དོན་གྱི་ཁུངས་སྣེ་འབྱོར་ནས་གཏན་འབེབས་ལྟར་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་པར་རྩིས་སྤྲད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།