ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་མཛུབ་ཁྲིད་གནང་བ།
ཟླ་11ཚེས་24ཉིན་དང་ཚེས་25ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དང་བསམ་གྲུབ་རྩེ་ཆུས་སུ་ཕེབས་ཏེ་བརྟག་ཞིབ་གནང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་མཛུབ་ཁྲིད་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོའི་ཡུལ་མི་བསྟན་འཛིན་གྱི་ཁྱིམ་དུ་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།
● མང་ཚོགས་ཀྱི་འཚོ་བར་དོ་ཁུར་དང་ལས་ཀ་བྱེད་སྟངས་ལེགས་སུ་བཏང་སྟེ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་དགོས།
ཟླ་11ཚེས་24ཉིན་དང་ཚེས་25ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དང་བསམ་གྲུབ་རྩེ་ཆུས་སུ་ཕེབས་ཏེ་བརྟག་ཞིབ་གནང་བ་དང་སྦྲགས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་མཛུབ་ཁྲིད་གནང་བ་རེད། ཁོང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། “གཞི་རིམ་དུ་སྐྱོད་པ་བཞི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤུས་ཚད་མཐོ་པོས་སྤེལ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་རྩི་བ། “གཞི་རིམ་དུ་སྐྱོད་པ་བཞིའི”སྲོལ་རྒྱུན་བཟང་པོ་རང་རྟོགས་ངང་དར་སྤེལ་དང་རྒྱུན་འཛིན། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། མང་ཚོགས་ཀྱི་འཚོ་བར་དོ་ཁུར་དང་ལས་ཀའི་བྱ་ཐབས་ལེགས་སུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་གྱིས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་དེ་བས་ཆ་ཚང་པོ་དང་། དེ་བས་འགན་ལེན་ཡོད་པ། དེ་བས་རྒྱུན་མཐུད་ཆོག་པ་བཅས་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
དགུན་སྟོད་དུ། པ་སྣམ་རྫོང་དཔའ་རྩལ་ཤང་དུ་ས་སློག་བརྒྱབ་པའི་ཞིང་ཁ་ཡངས་ཤིང་རྒྱ་ཆེ་བ་དང་རིམ་པ་སྟར་ཆགས་ཀྱི་དྲོད་ཁང་ཆེན་པོའི་ཤིང་ཏོག་དང་སྔོ་ཚལ་སྔོ་ཐིང་ངེར་གྱུར་ནས། དགུན་དུས་སུའང་ལོ་ལེགས་ཀྱི་རྣམ་པས་ཁེངས། པ་སྣམ་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་ཁག་དང་པོ་དཔའ་རྩལ་ཤང་བན་ཚང་གྲོང་ཚོར་ཝང་ཅུན་ཀྲེང་གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས། མང་ཚོགས་ཀྱི་ཡོང་འབབ་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད། ནས་དང་། པད་ཁ། གྲོ་སོགས་ཞིང་ལས་སྐྱེ་དངོས་ཀྱི་ཐོན་འབོར་དང་ཤིང་ཏོག་དང་སྔོ་ཚལ་སོགས་ཁྱད་ལྡན་ཀ་རྟེན་ཐོན་ལས་ཀྱི་ཕན་འབྲས་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ཡུལ་མི་དང་། ཚན་རྩལ་ཆེད་མངགས་པ། གཞི་རིམ་ལས་བྱེད་པ་བཅས་དང་ཅི་འཕྲོས་མོལ་འཕྲོས་གནང་བ་དང་འཕེལ་རྒྱས་ལ་ཇུས་འགོད་གནང་བ་རེད། ཁོང་གིས་ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་ཡིན་པས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་དང་སྟོབས་ཆེར་གཏོང་བ་དང་། ཡུལ་ཟོག་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་དེ་གའི་ཐོན་སྐྱེད་དང་འཚམ་པའི་ཐོན་རྫས་ཀྱི་སྣ་ཁ་གསར་པ་དང་སྤུས་དག་ཁྱབ་གདལ་གཏོང་བ། ཚན་རྩལ་ཁྱབ་གདལ་གཏོང་ཤུགས་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་སྦྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གཏོད་དགོས་ཞེས་གསུངས་པ་རེད།
“བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྗེས་འགྱུར་ལྡོག་གང་ཞིག་ཚོར་བྱུང་ངམ”བན་ཚང་གྲོང་ཚོར་ཝང་ཅུན་ཀྲེང་གིས་རང་འགུལ་ངང་ཞིང་འབྲོག་མང་ཚོགས་ཀྱི་ས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་མང་ཚོགས་ཀྱི་ཉེ་འགྲམ་དུ་སྤེལ་ནས་ཐད་ཀར་གཞི་རིམ་ལ་ཁ་ཕྱོགས་ཡོད། སྒོ་ཕྱེ་ནས་སློབ་གསོ་སྤེལ་དགོས་པ་དང་། མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི“འགག་རྩའི་དོན་ཆུང”ཐག་གཅོད་བྱེད་པ་ནས་འགོ་འཛུགས་དགོས། དགོས་མཁོ་དམངས་ལ་འདྲི་བ་དང་ཐབས་ཇུས་དམངས་ལ་འདྲི་བ། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱས་ཏེ་མང་ཚོགས་ལ་འགྱུར་ལྡོག་མཐོང་བ་དང་ཕན་པ་དངོས་ཐོབ་པར་བྱེད་དགོས། “གཞི་རིམ་དུ་སྐྱོད་པ་བཞིའི”ལས་ཀའི་བྱེད་ཐབས་དང་ལས་ཀའི་ལམ་ལུགས་སློབ་སྦྱོང་དང་ཁྱབ་གདལ་གཏོང་བ་དང་། གཞི་རིམ་དུ་སྐྱོད་པ་དང་གཞི་རིམ་ལ་གཞི་ཚུགས་པ་མཐའ་འཁྱོངས་བྱེད་པ། མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་སྐྱོད་པ། དངོས་སྒྲུབ་བྱས་རྗེས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་ཀྱི་ཡིད་ཆེས་ཐོབ་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་བྱས་ནས་སྤུས་ཚད་མཐོ་པོ་དང་ཕན་འབྲས་ཡག་པོ་ཐོན་པར་བྱེད་དགོས། གཞི་རིམ་ལས་བྱེད་པས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དོ་ཁུར། ལས་ཀ་བྱེད་སྟངས་དང་བྱ་ཐབས་ལ་དོ་སྣང་བཅས་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན། སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ། ཕན་འབྲས་དངོས་ཐོན་པར་མང་ཙམ་བརྩོན་པ། མང་ཚོགས་ལ་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཙམ་སྒྲུབ་པ་བཅས་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་བྱེད་དགོས་ལ། རྒྱ་ཆེའི་མང་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ལས་བྱུང་བའི་འགྱུར་ལྡོག་གསར་པ་དང་རྣམ་པ་གསར་པ་ཏན་ཏིག་ཚོར་བ་ཡང་བྱེད་དགོས་ཞེས་གསུངས་པ་རེད།
ཡར་ཀླུང་གཙང་པོའི་ལྷོ་ངོགས་སུ་གནས་པའི་རྒྱལ་རྒན་གྲོང་ཚོར་རང་སྐྱོང་ལྗོངས་རིམ་པ་དང་གྲོང་ཁྱེར་རིམ་པའི“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་པ་དང་། ཉེ་བའི་ལོ་ཤས་རིང་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་པ་གསར་པ་བཏོད་ཡོད། ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་གཟིགས་བཞིན་དུ་ངོ་སྤྲོད་གསན་ནས་རྒྱལ་རྒན་གྲོང་ཚོའི་ཏང་འཛུགས་སྐྱོང་གི་སྤྱི་འདོམས་སྣེ་ཁྲིད་ཀྱིས་གྲོང་གསེབ་དར་རྒྱས་ལ་ནུས་པ་སྦྱིན་པའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཚང་མས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་དམ་འཛིན་ཡག་པོ་བྱས་ནས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་གི་ནུས་པ་ཆེ་རུ་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་གི་གཞི་རིམ་གྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
“འཚོ་བའི་ཐད་ད་དུང་དཀའ་ངལ་གང་འདུག་གམ སྲིད་གཞུང་གིས་གང་སྒྲུབ་དགོས་འདུག་གམ”ཞེས་རྒྱལ་རྒན་གྲོང་ཚོའི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དུ་ཝང་ཅུན་ཀྲེང་གིས་སྣེ་ཁྲིད་དེ་འགོ་ཁྲིད་ལས་བྱེད་པའི་ཞུ་བཅར་སྣེ་ལེན་དང་གཞི་རིམ་དུ་ངོ་བཅར་གྱི་ལམ་ལུགས་དོན་འཁྱོལ་བྱས་ནས་ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་རེ་འདུན་གསན་པ་རེད། “གནད་དོན་གང་ཡོད་པ་ལྷུག་པོར་གླེང་རོགས། དེ་རིང་ཚང་མའི་རེ་འདུན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་པར་ཡོང་བ་ཡིན”ཞེས་པའི་ཝང་ཅུན་ཀྲེང་གི་བཀའ་མོལ་ལས་ཞུ་བཅར་ལ་ཡོང་མཁན་མང་ཚོགས་དང་བར་ཐག་ཉེ་རུ་བཏང་ཡོད། ཁོང་གིས་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་རེ་ཞུ་རེ་རེ་བཞིན་གསན་པ་མ་ཟད། ད་དུང་ས་གནས་དེ་གའི་འགན་འཁུར་བློ་མཐུན་དང་མཉམ་དུ་ཐག་གཅོད་བྱ་ཐབས་ལ་ཞིབ་འཇུག་གནང་བ་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་ལ་ལས་དོན་ཡག་པོ་སྒྲུབ་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད། མང་ཚོགས་ཁག་གཅིག་ནི་གནས་སྤོས་དུད་ཚང་ཡིན་པ་མཁྱེན་སྐབས། ཝང་ཅུན་ཀྲེང་གིས་ཁོང་ཚོའི་གནས་སྤོས་རྗེས་ཀྱི་འཚོ་བ་གསར་པར་དོ་ཁུར་ཆེན་པོ་གནང་ཞིང་། ཁོང་གིས་འབྲེལ་ཡོད་སྡེ་ཚན་ལ་སྲིད་ཇུས་ཞིབ་འཇུག་ནན་ཏན་བྱེད་པ་དང་རྗེས་མཐུད་འགན་ལེན་ཞབས་ཞུ་གཏིང་ཟབ་དང་ཏན་ཏིག་བསྒྲུབས་ཏེ། ཁོང་ཚོ་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ལས་ཀ་བྱེད་རྒྱུ་ཡོད་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཞལ་གྱེས་ཁར་ཝང་ཅུན་ཀྲེང་གིས་ཚང་མར་སྤྱོད་གོ་ཆོད་པའི་རྩལ་ནུས་སློབ་སྦྱོང་མང་ཙམ་དང་ཁོང་དུ་ཆུད་པར་བྱེད་དགོས་པའི་ལྕག་སྐུལ་གནང་བ་དང་འབྲེལ་ཁོང་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་དང་མཛེས་སྡུག་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། “གཞི་རིམ་དུ་སྐྱོད་པ་བཞི”སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་། ཞིབ་བསྡུར་དམ་ཚགས། དོན་ཐོག་ལ་འཁྱོལ་བ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས“གཞི་རིམ་དུ་སྐྱོད་པ་བཞིའི”ནང་ཁྱབ་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ། དངོས་སྒྲུབ་འགན་ཁུར་གྱི་སྙིང་སྟོབས། ཚན་རིག་དང་མཐུན་པའི་བསམ་གཞིག་བྱེད་སྟངས་བཅས་སློབ་སྦྱོང་དང་ཁོང་དུ་ཆུད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ“གཞི་རིམ་དུ་སྐྱོད་པ་བཞི”རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ལས་ཀའི་སྟོན་ཕྱོགས་གསལ་པོ་དང་ལས་ཀ་བྱེད་སྟངས་གལ་ཆེན་དུ་འགྱུར་བར་བྱེད་དགོས། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ནང་སྒྱུར། གཞན་སྒྱུར་བཅས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། མང་ཚོགས་ཀྱིས་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ། ཏང་གི་ཡང་དག་པའི་འདོད་ཚུལ་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ལ་འགྱུར་བ་བཅས་བྱས་ཏེ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། བརྟག་དཔྱད་ཞིབ་འཇུག་དར་སྤེལ་གཏོང་བ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྔོན་ལ་མིག་དཔེ་འདོན་པ། སྣེ་ཁྲིད་དེ་གཞི་རིམ་དང་། མང་ཚོགས། དོན་དངོས་བཅས་ལ་ཟབ་འཇུག་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ། མང་ཚོགས་ཀྱིས་ཡོངས་ཁྱབ་སེམས་ཁུར་བྱེད་པའི་དཀའ་གནད་དང་གླེང་མང་བའི་གནད་དོན་ལ་གཏུགས་ཕོད་པ། གནས་ཚུལ་གསལ་རྟོགས་དང་། གནད་དོན་གནད་འཁེལ་འཚོལ་བ། ཁ་གཏད་གཅོག་ཐབས་ཏན་ཏིག་འདོན་པ་བཅས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་དར་སྤེལ་བཏང་བའི་ཕན་འབྲས་དངོས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “རིམ་ལྔའི་ཧྲུའུ་ཅིས་ཡིག་འབུལ་ཞུ་བཅར་ལ་དམ་འཛིན་བྱེད་པའི”འགན་འཁྲིའི་མ་ལག་དང་ཏང་སྲིད་འགོ་ཁྲིད་ཀྱིས་ཡིག་འབུལ་ཞུ་བཅར་འགན་གཙང་ལེན་པའི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ཏེ། མང་ཚོགས་ཞུ་བཅར་ལ་ཡོང་བ་དེ་འགོ་ཁྲིད་གཤམ་དུ་བསྐྱོད་ནས་ཞུ་བཅར་བྱེད་པར་གྱུར་པ་དང་། གཞི་རིམ་དུ་བསྐྱོད་དེ་དོགས་གཞི་དང་། སེམས་ཁྲལ། དཀའ་ངལ་བཅས་བསལ་ནས་དམངས་འདུན་ཞུ་བའི་བགྲོད་ལམ་ཤར་བགྲོད་ཐུབ་པ་དང་ཡིག་འབུལ་ཞུ་བཅར་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། འགལ་བ་གཞི་རིམ་གྱི་འཐབ་ས་དང་པོར་སེལ་བ་དང་ཐོན་བཟོ་ཡོད་དུས་ནས་བསལ་ཏེ་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ལས་ཡུལ་དངོས་སུ་གཞུང་དོན་སྒྲུབ་པ་དང་གཞི་རིམ་དུ་སྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། སྒྱུར་བཅོས་ཀྱི་དགོས་མཁོ། གཞི་རིམ་གྱི་རེ་སྒུག དམངས་སེམས་ཕྱོགས་ས་བཅས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ཀྱི་ལས་དོན་སྒྲུབ་སྟངས་སྤྱོད་པ་དང་། ལག་ལེན་མཐའ་འཁྱོལ་བ་བྱེད་པ། ལས་སྒྲུབ་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས། གནད་དོན་འཐབ་ས་དང་པོར་ཐག་གཅོད་དང་ལས་དོན་འཐབ་ས་དང་པོར་དོན་འཁྱོལ་ཐུབ་པར་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས།