རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་དང་པོས་ལྷ་ས་གྲོང་ཁྱེར་ལ་སྐོར་གཟིགས་བྱས་ཚུལ་གྱི་ཚུར་ལན་ཚོགས་འདུ་འཚོགས་པ།
ཟླ་11ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན། ལྗོངས་ཏང་ཨུད་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་རང་སྐྱོང་ལྗོངས་ཏང་ཨུད་སྐོར་གཟིགས་ཚོགས་ཆུང་དང་པོས་ལྷ་ས་གྲོང་ཁྱེར་ལ་སྐོར་གཟིགས་བྱས་ཚུལ་གྱི་ཚུར་ལན་ཚོགས་འདུར་ཞུགས་པ་མ་ཟད། སྐོར་གཟིགས་དག་ཐེར་ཐད་བླང་བྱ་ཡང་བཏོན་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་རྣམ་འགྱུར་སྟོན་པའི་གསུང་བཤད་ཀྱང་གནང་བ་རེད།
ཝང་ཝུའེ་ཏུང་གིས། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་བྱུང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། མཐའ་མཚམས་སྟོབས་ཆེར་གཏོང་བའི་རྨང་གཞི་བརྟན་དུ་ཕྱིན་པ་བཅས་བྱུང་མོད། འོན་ཀྱང་གནས་པའི་གནད་དོན་ལའང་སྣང་ཆུང་བྱེད་མི་རུང་། ལྷ་ས་གྲོང་ཁྱེར་གྱིས་ངེས་པར་དུ་སྐོར་གཟིགས་ཀྱིས་བཏོན་པའི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་སྔར་བས་ནན་པོ། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་ཐད་དེ་བས་འབད་བརྩོན་བཅས་བྱས་ཏེ་ལྗོངས་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རུ་སྣེ་འཁྲིད་མཁན་ཧུར་ཐག་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཝུའེ་ཏུང་གིས། ལྷ་ས་གྲོང་ཁྱེར་གྱིས་དག་ཐེར་གྱི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་བ་དང་སྐོར་གཟིགས་བྱས་ནས་ཤེས་རྟོགས་བྱུང་བའི་ཞིབ་ཕྲའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་དགོས་ལ། གྲོང་ཨུད་ཀྱི་རིམ་ངོས་ནས་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་ལམ་ལུགས་དང་ལམ་སྲོལ་ཐད་ཀྱི་མི་འདང་ས་བཙལ་འཚོལ་ལ་ཡང་སྣང་ཆེན་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་དང་བཅོས་སྒྲིག་བྱེད་ནུས་ཆེ་རུ་གཏོང་རྒྱུ་ཟུང་འབྲེལ་གྱིས་གྲོང་ཨུད་ཀྱི་དག་ཐེར་དང་རྫོང(ཆུས)གི་དག་ཐེར་སྤྱི་འདོམས་ལ་སྐུལ་འདེད་བཏང་ནས་སྐོར་གཟིགས་ལས་དོན་གྱི་རྗེས་མཐུད་ལས་དོན་མུ་མཐུད་ཏན་ཏིག་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།