བོད་ལྗོངས་ཀྱི“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་དུས་དཀྱིལ་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།
དབང་ཧའེ་ཀྲོའུ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
ཚེས་22ཉིན་གྱི་ཕྱི་དྲོར། ལྗོངས་ཡོངས་ཀྱི“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་གྱི་དུས་དཀྱིལ་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཚོགས་འདུར“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་བྱས་ཚུན་ལྗོངས་ཡོངས་ཀྱིས་ཁྲིམས་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྤེལ་ཚུལ་ལ་ཕྱོགས་སྡོམ་དང་། ཉམས་མྱོང་དང་བྱེད་སྟངས་སྤེལ་རེས། མིག་སྔའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ལྷག་པའི་གནད་དོན་ལ་དབྱེ་ཞིབ་བརྡར་གཅོད། གོམ་སྟབས་རྗེས་མའི་ལས་དོན་ལ་བཀོད་སྒྲིག་བཅས་བྱས་ཡོད། ཚོགས་འདུར་ལྗོངས་མི་དམངས་ཞིབ་དཔྱོད་ཁང་དང་། ལྗོངས་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས། ཉིང་ཁྲི་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་བཅས་ཚན་པ་3གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ“གཏན་འཁེལ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱས་ཏེ། རང་ལྗོངས་ཀྱི“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཟམ་མི་ཆད་པར་གཏོང་དགོས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་བསྟར་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་ནུས་ཤུགས་ཡོད་རྒུས་གཏོད་པར་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུར་བསྐྱོད་དེ་ཁྲིམས་བཞིན་བོད་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་བཅའ་ཁྲིམས་ཁྱབ་གདལ་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ཏང་གིས་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དུས་རབས་གསར་པའི་རང་ལྗོངས་ཀྱི་ཁྲིམས་སྲུང་དང་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ། དུས་རབས་གསར་པར་རང་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།