ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ནེ་པ་ལ་དང་། སི་རི་ལན་ཁ། སིང་ཀ་ཕོར་བཅས་ལ་འཚམས་འདྲི་གནང་མཇུག་འགྲིལ་བ།
ཟླ་11ཚེས་8ཉིན་ནས་ཚེས་17ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ནེ་པ་ལ་དང་། སི་རི་ལན་ཁ། སིང་ཀ་ཕོར་བཅས་ལ་འཚམས་འདྲི་གནང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་དྲིལ་བསྒྲགས་གནང་སྟེ་མི་ཆོས་རིག་གནས་སྤེལ་རེས་ཀྱི་འབྲེལ་ཐག་དམ་དུ་བཏང་བ་དང་། དཔལ་འབྱོར་ཚོང་དོན་གྱི་འགྲོ་འོང་ཟབ་ཏུ་བཏང་བ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་བ་རེད།
ནེ་པ་ལར་བཞུགས་རིང་། ཝང་ཅུན་ཀྲེང་གིས་ནེ་པ་ལའི་ཙུང་ཐུང་པའོ་ཏེར་དང་། ཙུང་ལི་ཕུའུ་ལཱ་ཁྲང་ཏ། ཙུང་ཐུང་གཞོན་པ་ཡཱ་ཏ་ཧྥུའུ། རྒྱལ་ཕྲན་མཉམ་འབྲེལ་ཁང་གི་ཀྲུའུ་ཞི་ཏི་སྨིར་ཤིས་ནཱ། ཙུང་ལི་གཞོན་པ་དང་ནང་སྲིད་པུའུ་ཀྲང་གཅིག་ལྕོགས་ཧྲི་ལུའེ་སི་ཐཱ་བཅས་དང་སོ་སོར་མཇལ་འཛོམས་གནང་ནས་ཕྱོགས་གཉིས་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2019ལོར་ནེ་པ་ལར་འཚམས་འདྲི་གནང་བའི་གྲུབ་འབྲས་གལ་ཆེན་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལའི་མཉམ་འབྲེལ་གསལ་བསྒྲགས》ནུས་ཤུགས་ཡོད་རྒུས་དོན་འཁྱོལ། དེ་བཞིན་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཝང་ཅུན་ཀྲེང་གིས། ཀྲུང་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་68སོང་རིང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་སྐུ་ངོ་མའི་སྐུལ་འདེད་འོག་ཀྲུང་ནེའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་རྒྱུན་འཁྱོངས་བྱུང་ཡོད། བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་དབར་རི་ཆུ་སྦྲེལ་བ་དང་། མི་ཆོས་རིག་གནས་ལ་མཐུན་ཆ་ཡོད་པ། མི་རབས་མང་པོ་མཛའ་ཞིང་མཐུན་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ས་བབ་ཀྱི་ལེགས་ཆ་དང་། ས་རྒྱུད་འབྲེལ་བའི་ལེགས་ཆ། མི་ཆོས་རིག་གནས་ཀྱི་ལེགས་ཆ་བཅས་བཏོན་ནས་ནེ་པ་ལ་དང་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་སྟེ་ཧི་མ་ལ་ཡ་སྒྲོལ་བའི་ཕྱོགས་བསྡུས་ཕན་ཚུན་འབྲེལ་མཐུད་ཀྱི་དྲ་རྒྱ་ཐུན་མོང་ཐོག་གཏོད་པ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཙོ་རྐང་དུ་བྱས་ཏེ་འགག་སྒོ་འཛུགས་སྐྲུན་དང་། དཔལ་འབྱོར་ཚོང་དོན། ཡུལ་སྐོར། མཁའ་འགྲུལ་སོགས་ཀྱི་ཐད་མཉམ་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་ནེ་པ་ལའི་བྱང་རྒྱུད་ས་ཁུལ་ལ“ཆུང་ཡང་མཛེས་པ་དང་དམངས་འཚོར་ཕན་འདོགས་པའི”རྣམ་གྲངས་དེ་བས་མང་བ་སྐྲུན་རོགས། ནེ་པ་ལའི་མཐོ་སློབ་དང་། རིག་གཞུང་སྒྲིག་གཞི། ཇུས་འདོན་ཚོགས་པ་སོགས་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་དབར་མཛའ་གྲོགས་གྲོང་ཁྱེར་དང་མཛའ་གྲོགས་མཐུན་ཚོགས་ཀྱི་འབྲེལ་བ་དེ་བས་མང་བ་འཛུགས་པར་སྐུལ་འདེད། དམངས་སེམས་གཅིག་འབྲེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ནེའི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གསུངས་པ་རེད། ནེ་པ་ལ་ཕྱོགས་ཀྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ནེ་པ་ལར་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་། ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་མི་རབས་མང་པོའི་མཛའ་གྲོགས་འབྲེལ་བར་ཚད་མཐོའི་གདེང་འཇོག་གནང་བ། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་བསྔགས་བརྗོད་གནང་བ། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཕན་འབྲས་དང་མདུན་ལམ་ཡངས་པོར་ཁས་ལེན་གང་ལེགས་གནང་བ་མ་ཟད། ཀྲུང་གོས་ནེ་པ་ལར་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཡང་ཞུས་ཤིང་། ཚང་མས་ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། བོད་རང་སྐྱོང་ལྗོངས་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དབར་འགྲོ་འོང་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཡིན་པས། དམིགས་བསལ་གྱི་ས་བབ་ལེགས་ཆ་དང་ས་འབྲེལ་གྱི་ལེགས་ཆ་ལྡན་ཡོད། ནེ་པ་ལས་བོད་རང་སྐྱོང་ལྗོངས་དང་མཛའ་གྲོགས་འབྲེལ་བར་གཅེས་སྤྲས་ཆེན་པོ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཧུར་ཐག་ཞུགས་ནས། བོད་རང་སྐྱོང་ལྗོངས་དབར་སྤེལ་རེས་འགྲོ་འོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཞིང་ལས་དང་། དཔལ་འབྱོར་ཚོང་དོན། ཡུལ་སྐོར། འགག་སྒོ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ད་དུང་ནེ་པ་ལ་གུང་ཁྲན་ཏང(མཉམ་འབྲེལ་མར་ལེ)གི་ཀྲུའུ་ཞི་དང་སྲིད་གཞུང་གི་ཙུང་ལི་ཟུར་པ་ཨའོ་ལི་དང་། ནེ་པ་ལ་གུང་ཁྲན་ཏང(མའོ་རིང་ལུགས་ལྟེ་གནས)གི་ཀྲུའུ་ཞི་གཞོན་པ་སཱ་པོ་ཁོ་ཐཱ། རྒྱལ་ཕྲན་མཉམ་འབྲེལ་ལས་དོན་དང་སྤྱི་ཁྱབ་སྲིད་འཛིན་པུའུ་ཀྲང་ཏེ་ཝེ། ཀན་ཏ་ཅི་ཞིང་ཆེན་གྱི་དབུ་བཞུགས་པུའུ་ཀྲང་ཧྥན་ཏི། ཞིང་བཟོ་ཏང་གི་ཀྲུའུ་ཞི་པི་ཅིའུ་ཁེ་ཆེ་བཅས་སོ་སོ་དང་མཇལ་འཛོམས་གནང་བ་མ་ཟད། བོད་རང་སྐྱོང་ལྗོངས་དང་ནེ་པ་ལས་མ་རྩ་མཉམ་དུ་བཏང་ནས་བཙུགས་པའི་ཧི་མ་ལ་ཡའི་མཁའ་འགྲུལ་ཀུང་སིའི་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་ཀྱང་གནང་བ་རེད།
སི་རི་ལན་ཁར་བཞུགས་རིང་། ཝང་ཅུན་ཀྲེང་གིས་སི་རི་ལན་ཁའི་གྲོས་དཔོན་ཨ་པེ་ཝ་ཏེ་ནཱ་དང་ཕྱི་འབྲེལ་པུའུ་ཀྲང་སཱ་པུའུ་ལི་དང་མཇལ་འཛོམས་གནང་ནས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་བོད་རང་སྐྱོང་ལྗོངས་དང་སི་རི་ལན་ཁའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་རིག་གནས་དང་། སྒྱུ་རྩལ། སྐྱེ་ཁམས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པར་གྲོས་མོལ་གང་ལེགས་གནང་བ་རེད། ཕྱོགས་གཉིས་པོས། ཀྲུང་གོ་དང་སི་རི་ལན་ཁའི་མཛའ་གྲོགས་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། 1957ལོར་ཀྲུང་སི་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་པ་ནས་བཟུང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཆེ་ཆུང་དབར་གྱི་མཛའ་གྲོགས་མཉམ་གནས་དང་གཉིས་ཕན་མཉམ་ལས་ཀྱི་མིག་དཔེ་བཏོད་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཀྲུང་སིའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་མུ་མཐུད་དོན་འཁྱོལ་ཡག་པོ་བྱས་ནས། སྤེལ་རེས་དང་འགྲོ་འོང་ཟབ་ཏུ་གཏོང་བ་དང་། རྒྱུན་ཆད་མེད་པར་ཕན་ཚུན་ཡིད་ཆེས་དང་མཛའ་གྲོགས་ཟབ་ཏུ་གཏོང་བ། ཕྱོགས་ཁག་དང་ཁྱབ་ཁོངས་མང་པོའི་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་འབྱུང་འགྱུར་ལ་ཕྱོགས་པའི་ཀྲུང་སིའི་ཕྱོགས་ཡོངས་ཀྱི་མཛའ་གྲོགས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
སིང་ཀ་ཕོར་དུ་བཞུགས་རིང་། ཝང་ཅུན་ཀྲེང་གིས་སིང་ཀ་ཕོར་གྱི་སྤྱི་ཚོགས་དང་ཁྱིམ་ཚང་འཕེལ་རྒྱས་པུའི་པུའུ་ཀྲང་མཱ་ཧྲན་ཀའོ་དང་། ཚོང་དོན་དང་བཟོ་ལས་པུའུ་དང་རིག་གནས་དང་། སྡེ་ཁུལ། གཞོན་ནུ་པུའི་སྲིད་དོན་པུའུ་ཀྲང་གཅིག་ལྕོགས་ལིའུ་ཡན་ལིང་དང་མཇལ་འཛོམས་གནང་བ་དང་། བོད་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བའི“ངོ་མཚར་ཆེ་བའི་ས་མཐོ། ཀྲུང་གོའི་བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་འགྲེམས་སྟོན”ལ་ཞུགས་པ། ཝུའེ་དབྱི་ཚན་རྩལ་གྲོང་དང་ཡེ་ཧྲུའེ་ཧྥུའུ་ཚོགས་པ་སོགས་ལ་རྟོག་ཞིབ་གནང་བ་རེད། ཝང་ཅུན་ཀྲེང་གིས། སིང་ཀ་ཕོར་ནི་འཛམ་གླིང་དུ་སྐད་གྲགས་ཡོད་པའི་མེ་ཏོག་ལྡུམ་རའི་གྲོང་ཁྱེར་ཞིག་རེད་ལ། སྣ་མང་རིག་གནས་མཉམ་འདྲེས་འཕེལ་རྒྱས་ལ་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་ཀྱང་རེད། བོད་རང་སྐྱོང་ལྗོངས་ཀྱིས་སིང་ཀ་ཕོར་གྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་ནས། ཚན་རྩལ་དང་སྐྱེ་ཁམས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། བོད་ཀྱི་གྲོང་ཁྱེར་འཆར་འགོད་ཆུ་ཚད་དང་ཁེ་ལས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་སོགས་ཐད་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། སིང་ཀ་ཕོར་དང་མི་ཆོས་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་སིང་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བར་བོད་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན། སིང་ཀ་ཕོར་གྱི་ཁེ་ལས་བོད་དུ་མ་འཇོག་ལས་དར་བྱེད་པར་ཡོང་ནས། བོད་ཀྱི་རྗེས་ཐོན་ལེགས་ཆ་དང་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་དང་། བོད་ཀྱི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ཧུར་ཐག་ཞུགས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བར་དགའ་བསུ་ཞུ་གི་ཡིན་ཞེས་གསུངས་པ་རེད།