ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཅོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་འཚོགས་འདུ་འཚོགས་ནས། ཧྲུའུ་ཅི་ལི་ཞི་ཡིས་ཀྲུང་གོ་སྒྲིག་བཤེར་ལྟ་ཞིབ་སློབ་གླིང་པེ་ཏའེ་ཧོ་སློབ་ཁུལ་གྱི་བརྟག་ཞིབ་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དང་དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་མ་ལག་གི་སྔོན་ཐོན་མིག་དཔེའི་མཛད་རྗེས་སྙན་ཞུའི་ཚོགས་པར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། ལག་བསྟར་བྱ་ཐབས་ལ་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཧྲུའུ་ཅི་ལི་ཞི་ཡི་གསུང་བཤད་ལས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་གི་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་བསམ་ཕྱོགས་མཁོ་འདོན་བྱས་ནས། ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁྲི་ཁུར་ཕོད་པ། འཐབ་རྩོད་བྱེད་ཕོད་པ་དང་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་རྒྱུར་བླང་བྱ་ཁ་གསལ་བཏོན་ཡོད། ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཧྲུའུ་ཅི་ལི་ཞི་ཡི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་དང་ཟུང་འབྲེལ་བྱས་ནས། “བོད་ལྗོངས་སྒྲིག་བཤེར་ལྟ་ཞིབ་འཆད་སྟེགས་ཆེ་མོ”སོགས་ཀྱི་ལས་སྟེགས་ཡག་པོ་སྤྱད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དེ་ཆབ་སྲིད་ཀྱི་བརྩོན་གཉེར་ཞིག་དང་། ལས་ཀའི་བྱ་ཐབས་ཤིག འཚོ་བའི་གོམས་གཤིས་ཤིག་བཅས་ལ་བརྩིས་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཟབ་སྦྱོང་མཐིལ་རྟོགས་དང་། དངོས་འབྲེལ་ཡིད་ཆེས་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།