ཁྲེན་ཡུང་ཆིས་ཁ་གཏད་བོད་སྐྱོར་གྱི་ཐོན་ལས་འབྲེལ་མཐུད་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ཁ་གཏད་བོད་སྐྱོར་གྱི་ཐོན་ལས་འབྲེལ་མཐུད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་ནས། ཐོན་ལས་བོད་སྐྱོར་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་དང་། གནས་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད། འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་བོད་སྐྱོར་ལས་དོན་རུ་ཁག་གི་འགན་འཁུར་བློ་མཐུན་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས་པ་དང་། ས་གནས(གྲོང་ཁྱེར)སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།
ཁྲེན་ཡུང་ཆིས་ཐོན་ལས་བོད་སྐྱོར་གྱི་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་ཀྲུང་དབྱང་ཁེ་ལས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཐོན་ལས་བོད་སྐྱོར་གྱི་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། ལས་ཀའི་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ། ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལྟར་ཀྲུང་དབྱང་རྩ་འཛུགས་པུའུ་དང་འབྲེལ་ཡོད་པུའུ་ཨུད་ཁག་གི་མཛུབ་ཁྲིད་འོག འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་དང་མཉམ་འདྲེས་བྱེད་པ། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད་པ། རོགས་སྐྱོར་ཐོབ་ཡུལ་གྱི་དགོས་མཁོ་དང་བོད་སྐྱོར་ལས་དོན་རུ་ཁག་གི་ཁྱད་ཆོས་དང་འཇོན་ཐང་སྤྱི་འདོམས་དང་དགེ་འཕེལ་སྐྱོན་སྤོང་བཅས་བྱས་ནས། ཐོན་ལས་བོད་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་རོགས་སྐྱོར་ཐོབ་ཡུལ་གྱི་རང་ངོས་ཀྱི“རང་རྟེན”ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་། སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས། བོད་སྐྱོར་མ་དངུལ་དང་རྣམ་གྲངས་80%གཞི་རིམ་ལ་གཟིགས་སྐྱོང་དང་དམངས་འཚོར་གཟིགས་སྐྱོང་གི་སྲིད་ཇུས་དོན་འཁྱོལ་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་གཙོ་གནད་ཐོན་ལས་ལ་དམིགས་ཏེ། “ཚོགས་སྒྲིག་རྣམ་པ”དམ་འཛིན་བྱ་གཞིར་བྱེད་པ་དང་གླིང་ཁུལ་དང་། མཛེས་ལྗོངས་ཁུལ། རྣམ་གྲངས་བཅས་གཞི་རྟེན་དུ་བྱས་ནས་ཐོན་ལས་བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ། རོགས་སྐྱོར་ཐོབ་ཡུལ་ལ་རྣམ་གྲངས་ཀྱི་དུས་འགོ་དང་། འཛུགས་སྐྲུན། དོ་དམ། གཉེར་སྐྱོང་སོགས་ལྷུ་ཚིགས་ཁག་གི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་བསྡུ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཐབས་ལམ་མང་པོར་བརྟེན་ནས་བོད་ཀྱི་ཁྱད་ལྡན་ཐོན་རྫས་དྲིལ་བསྒྲགས་ངོ་སྤྲོད་དང་ཕྱིར་ཚོང་བྱེད་པ། “གཉིས་ཕན”གྱི་རྣམ་པ་གཏོད་པ་བཅས་བྱས་ཏེ། ཕྱོགས་ཡོངས་ཀྱི་ཐོན་ལས་བོད་སྐྱོར་གྱི་ཕན་འབྲས་བཟང་པོར་བརྟེན་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ། བརྒྱུད་རོགས་ཁྲིད་གསུམ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ས་གནས་དེ་གའི་ལས་བྱེད་པ་དང་ཤེས་ལྡན་པར་གསོ་སྦྱོང་དང་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། རོགས་སྐྱོར་ཐོབ་ཡུལ་ལ་ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག་གཅིག་གསོ་སྐྱོང་བྱེད་དགོས་པ། འཆར་འགོད་ཞིབ་ཚགས་བྱས་ནས་རྣམ་གྲངས་ཁག་ཡག་པོ་སྤེལ་བ་དང་། དུས་འགོའི་ལས་དོན་ལ་ཤུགས་རྒྱག་པ་དང་མ་དངུལ་གནད་འཁེལ་བཏང་སྟེ་ཐོན་ལས་བོད་སྐྱོར་གྱི་ལས་དོན་ཁག་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་པ་དང་ལོ་རྒྱུས་དང་ལག་ལེན་གྱི་ཞིབ་དཔྱད་ཐེག་ཐུབ་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།