ལིའུ་ཅང་གིས་མལ་གྲོ་གུང་དཀར་རྫོང་དུ་གཞི་རིམ་བཅོས་སྐྱོང་རྗེས་ལུས་རྫོང་གི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱ་ཐབས་ལ་བརྟེན་ནས་མལ་གྲོ་གུང་དཀར་རྫོང་དུ་བསྐྱོད་དེ། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་གཞི་རིམ་བཅོས་སྐྱོང་རྗེས་ལུས་རྫོང་གི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།
རྒྱ་མ་ཤང་དུ། ལིའུ་ཅང་གིས་མལ་གྲོ་གུང་དཀར་རྫོང་གི་ཆེད་དོན་བཅོས་སྒྲིག་གི་བཀོད་སྒྲིག་དང་ཤང་དེའི་བཅོས་སྒྲིག་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཕྱོགས་བསྡུས་བཅོས་སྐྱོང་ལས་སྟེགས་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ཀྱང་གནང་བ་རེད། ཁོང་གིས་ཤང་དང་གྲོང་རྡལ་ཏང་ཨུད་ཀྱིས་གཞི་རིམ་བཅོས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས“གཅིག་གྱུར་གཅིག་དང་མཉམ་སྤེལ་དྲུག”གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དྲ་མིག་ཅན་གྱི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྣེ་ཁྲིད་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ས་ཁོངས་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་སྐུལ་དོ་དམ་བརྒྱུད་རིམ་ལ་ཁྱོན་ཡོངས་ནས་རྒྱུས་མངའ་ལོན་པ་བྱས་ཏེ། ལྷུ་ཚིགས་གཙོ་བོའི་བདེ་འཇགས་ལ་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤང་དང་གྲོང་རྡལ་གྱི་སྲིད་ཁྲིམས་ཨུ་ཡོན་གྱིས་འགན་འཁྲི་གསལ་རྟོགས་དང་། འགན་འཁྲི་གསལ་བཟོ། འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས་གཙོ་འགན་གཙོ་ལས་ཡག་པོ་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་དོ་དམ་བྱེད་མཁན་ཡོད་པའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།
ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིར་ལིའུ་ཅང་གིས་ཀུང་སི་དེས་སྤྱད་པའི་དག་ཐེར་བྱ་ཐབས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། བརྙན་ལམ་ནས་ཁོང་ཚོའི་བདེ་འཇགས་ལྟ་སྐུལ་དོ་དམ་དང་མདོ་གནས་དག་ཐེར་གནས་ཚུལ་ལ་བཀོད་གཏོང་ཡང་གནང་བ་རེད། ཁོང་གིས་བདེ་འཇགས་ཐོན་སྐྱེད་ནི་ཧ་ཅང་གལ་ཆེན་པོ་ཡིན། ཐོན་ནུས་ཀྱི་ཇུས་འགོད་ཚད་གཞི་དང་ལས་སྒྲུབ་ཚད་གཞིར་ནན་པོ་གཞིགས་ནས་ཐོན་སྐྱེད་བྱས་ཏེ་ཐེག་ནུས་ལས་བརྒལ་བའི་ཐོན་སྐྱེད་ཀྱི་སྣང་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། ས་བབ་མཐོ་བའི་གཏེར་རིའི་བདེ་འཇགས་ལག་རྩལ་གྱི་ཚད་གཞི་དང་ལས་སྒྲུབ་ཚད་གཞི་ཧུར་ཐག་བཟོས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།
མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་སུ་ལིའུ་ཅང་གིས་རྫོང་དེའི་དག་ཐེར་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས། ཁོང་གིས། གཞི་རིམ་བཅོས་སྐྱོང་རྗེས་ལུས་རྫོང་ལ་ཆེད་དོན་བཅོས་སྒྲིག་བྱེད་པ་ནི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་ནང་དོན་གལ་ཆེན་ཞིག་ཡིན་པས། ཚད་མཐོའི་མཐོང་ཆེན་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་གཞི་རིམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་གི་ཐོན་ཁུངས་དང་སྟོབས་ཤུགས་བསྡུ་སྒྲིལ་ཧུར་ཐག་བྱས་ཏེ་ཀུན་མཐོང་ལས་གཞི་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་སྟེགས་བསྐྲུན་པར་གང་མགྱོགས་སྐུལ་འདེད་གཏོང་བ་དང་འབྲེལ། བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས“འཐབ་ཕྱོགས་དང་པོའི་བཀོད་འདོམས་པུའུ”ཧུར་ཐག་གཏོད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་བསྟར་གཏིང་ཟབ་བྱས་ཏེ་མང་ཚོགས་དང་འབྲེལ་གཏུག་གཏིང་ཟབ་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒན་དར་གཞོན་གསུམ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་པ་དང་། ལྷག་པར་དུ། རྙོག་འཛིང་ཆེ་བའི་གནས་ཚུལ་ཐག་གཅོད་བྱེད་ནུས་ཆེ་རུ་ཧུར་ཐག་གཏོང་དགོས། ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་སློབ་གསོ་གཏོང་ཤུགས་ཆེ་རུ་བཏང་སྟེ“མངགས་ཐོའི་རྣམ་པའི”ཁྲིམས་ལུགས་ཁྱབ་གདལ་དང་གྱོད་དཔེར་བརྟེན་ནས་ཁྲིམས་འགྲེལ་ཁྱབ་སྤེལ་བཏང་སྟེ། གཞི་རིམ་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ལིའུ་ཅང་གིས། དག་ཐེར་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ། བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་བཟང་པོ་གང་ལེགས་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།