དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་རི་འཛེག་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-17

    (2006ལོའི་ཟླ་6ཚེས་1ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2023ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་མ་བཅོས་བྱས)

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    【2023】ཡིག་ཨང་9པ།

    《བོད་རང་སྐྱོང་ལྗོངས་ཀྱི་རི་འཛེག་སྲོལ་ཡིག》འདི་2023ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་མ་བཅོས་བྱས་ནས་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2023ལོའི་ཟླ11ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲིགས་འདི་སྤེལ་བ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2023ལོའི་ཟླ་7ཚེས་31ལ།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། རི་འཛེག་བྱེད་སྒོའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དང་རི་འཛེག་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལུས་རྩལ་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལ་གཞིགས་ཏེ་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་རི་འཛེག་བྱེད་སྒོ་སྤེལ་བ་དང་དོ་དམ་བྱ་རྒྱུར་སྲོལ་ཡིག་འདི་སྤྱད་ན་འཐུས།

    སྲོལ་ཡིག་འདིའི་ནང་བརྗོད་པའི་རི་འཛེག་བྱེད་སྒོ་ཞེས་པ་ནི་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ལྔ་སྟོང་ལྔ་བརྒྱ་ཡན་གྱི་བལྟོས་བཅས་ཁེར་གནས་ཀྱི་རི་རྩེའི་ས་ཁོངས་སུ་རིར་འཛེག་པ་དང་། བྲག་རིར་འཛེག་པ། གངས་ཤུད་གློད་པ། རི་སྟེང་ནས་འཕུར་མཆོང་བྱེད་པ་སོགས་ཀྱི་མྱུལ་དཔྱད་བྱེད་སྒོར་ཟེར་བ་ཡིན།

    དོན་ཚན་གསུམ་པ། རི་འཛེག་བྱེད་སྒོ་དེ་ངེས་པར་དུ་བདེ་འཇགས་སྔོན་འགྲོར་བྱེད་པ་དང་། རོགས་སྐྱོབ་གོ་རིམ་ལྡན་པ། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས།

    དོན་ཚན་བཞི་པ། རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཡུལ་བབ་དང་བསྟུན་ཞིང་ཁྱད་ཆོས་འབུར་དུ་ཐོན་པ་བྱེད་པ་དང་། ས་ཁོངས་དེ་གའི་རི་རྩེའི་ཐོན་ཁུངས་ཀྱི་ཁྱད་ཡོན་འདོན་སྤེལ་བྱེད་པ། རི་འཛེག་དེ་ཡུལ་སྐོར་དང་རིག་གནས་མཉམ་འདྲེས་བྱེད་པར་སྐུལ་སྤེལ་གཏོང་བ་བཅས་བྱས་ནས་རི་འཛེག་བྱེད་སྒོ་དེ་དམངས་ཡོངས་ཀྱི་ལུས་སྦྱོང་སོགས་ལུས་རྩལ་བྱེད་སྒོ་དང་ཟུང་འབྲེལ་གྱིས་རི་འཛེག་གི་ཁྱད་ལྡན་ཐོན་ལས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    དོན་ཚན་ལྔ་པ། རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ས་གནས་དེ་གའི་དོན་དངོས་དང་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསྟུན་ནས་རང་བྱུང་ཐོན་ཁུངས་ཀྱི་གནས་ཚུལ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བླང་བྱ་གཉིས་ཟུང་འབྲེལ་བྱས་ཏེ། རི་འཛེག་བྱེད་སྒོའི་ཐོན་ཁུངས་ལ་བརྟག་དཔྱད་དང་དེའི་ཉེན་ཁར་དཔྱད་དཔོག་བྱེད་པའི་ལས་དོན་ཁྲིམས་ལྟར་སྤེལ་དགོས་པ་དང་། སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་་བཏང་ནས་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་གསར་སྤེལ་ཐུབ་པ་བྱེད་དགོས།

    དོན་ཚན་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལུས་རྩལ་གཙོ་འགན་སྡེ་ཚན་གྱིས་རི་འཛེག་བྱེད་སྒོའི་དོ་དམ་ལས་ཀའི་འགན་འཁུར་རྒྱུ།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་རང་སོ་སོའི་འཁྲི་ཁོངས་ནང་རི་འཛེག་བྱེད་སྒོར་དོ་དམ་བྱེད་པའི་འབྲེལ་ཡོད་ལས་ཀའི་འགན་འཁུར་རྒྱུ།

    རི་གནས་སའི་རྫོང་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དང་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ངེས་པར་དུ་རི་འཛེག་གི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་དང་། བདེ་འཇགས་ཉེན་བརྡ་དང་། བདེ་འཇགས་ཉེན་ཟོན། འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།

    ལེའུ་གཉིས་པ། རི་འཛེག་བྱེད་སྒོའི་རེ་ཞུ་དང་ཞིབ་མཆན།

    དོན་ཚན་བདུན་པ། རི་འཛེག་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་རི་འཛེག་ཚོགས་པ་སྒྲིག་འཛུགས་བྱེད་དགོས། རི་འཛེག་ཚོགས་པར་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།

    (གཅིག)ཁྲིམས་ཚན་གྱི་འོས་ཐོབ་ཡོད་པའི་ཚན་པས་གྲོས་འགོ་འདོན་དགོས་པ་དང་།

    (གཉིས)རུ་མི་གཉིས་ཡན་ཡོད་དགོས་པ་མ་ཟད། རི་འཛེག་གི་ཤེས་བྱ་དང་རྩལ་ནུས་ཀྱི་རྨང་གཞིའི་སྦྱོང་བརྡར་དང་དེ་བཞིན་གཟུགས་པོར་སྦྱོང་བརྡར་སྤྲོས་པའི་ནང་ཞུགས་མྱོང་ཡོད་དགོས་པ།

    (གསུམ)ཁོངས་མི་ཡོངས་ཀྱིས་ངེས་པར་དུ་རིམ་པ་གཉིས་པ་ཡན་གྱི་སྨན་ཁང་དུ་གཟུགས་པོར་བརྟག་དཔྱད་བྱས་ནས་ཚད་ལོན་དགོས་པ་དང་ནད་རྐྱེན་མེད་པའི་དཔང་ཡིག་ཡོད་དགོས་པ།

    (བཞི)རི་འཛེག་བྱེད་སྒོའི་བདེ་འཇགས་དང་འཚམ་པའི་དེ་འབྲེལ་གྱི་འོས་བབ་ལག་ཁྱེར་དང་རི་འཛེག་གི་འོས་ཐོབ་ཡོད་པའི་རྩལ་ཁྲིད་པ་དང་རི་མཐོའི་སྣེ་ཤན་པ་བཀོད་སྒྲིག་བྱེད་དགོས་པ།

    (ལྔ)རི་འཛེག་བྱེད་སྒོ་སྤེལ་རྒྱུ་འགན་སྲུང་བྱེད་པའི་གཞི་རྩའི་ལག་རྩལ་སྒྲིག་ཆས་དང་། དྲོད་སྲུང་སྒྲིག་ཆས། འཕྲལ་བསྟུན་རོགས་སྐྱོབ། འཕྲིན་གཏོང་སྒྲིག་བཀོད་སོགས་སྒྲིག་སྦྱོར་བྱེད་དགོས་པ་བཅས་སོ།

    དོན་ཚན་བརྒྱད་པ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་བདུན་སྟོང་ཡན་གྱི་རི་རྩེར་འཛེག་སྐབས། རི་འཛེག་བྱེད་སྒོ་སྤེལ་མཁན་ཚན་པས་ངེས་པར་དུ་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལུས་རྩལ་གཙོ་འགན་སྡེ་ཚན་ལ་རི་འཛེག་འཁྲོལ་འཛིན་ཞུ་དགོས།

    རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ལྔ་སྟོང་ལྔ་བརྒྱ་ཡན་ནས་སྨི་བདུན་སྟོང་མ་ཟིན་པའི་རི་རྩེར་འཛེག་སྐབས། རི་འཛེག་བྱེད་སྒོའི་གྲོས་འགོ་འདོན་མཁན་ཚན་པས་ངེས་པར་དུ་བྱེད་སྒོ་མ་སྤེལ་གོང་གི་ཟླ་གཅིག་ནང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལུས་རྩལ་གཙོ་འགན་སྡེ་ཚན་ལ་རེ་ཞུ་འདོན་དགོས།

    དོན་ཚན་དགུ་པ། རི་འཛེག་བྱེད་སྒོ་སྤེལ་རྒྱུའི་རེ་ཞུ་བྱེད་སྐབས་ངེས་པར་དུ་གཤམ་གསལ་གྱི་དཔྱད་ཡིག་འབུལ་དགོས་པ་སྟེ།

    (གཅིག)རེ་འདུན་ཞུ་ཡིག་དང་།

    (གཉིས)རི་འཛེག་གི་འཆར་འགོད་ཡི་གེ་དང་། བདེ་འཇགས་ཉེན་ཟོན་དང་འཕྲལ་བསྟུན་རོགས་སྐྱོབ་ཐག་གཅོད་ཇུས་གཞི། ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་བཅས།

    (གསུམ)རི་འཛེག་བྱེད་སྒོ་སྤེལ་མཁན་ཚན་པའི་ཁྲིམས་ཚན་འོས་ཐོབ་ཀྱི་དཔང་ཡིག

    (བཞི)རི་འཛེག་ཚོགས་པའི་ཁོངས་མིའི་རུས་མིང་དང་། ཕོ་མོ། རྒྱལ་ཁོངས། ལས་རིགས། རི་འཛེག་གི་ལོ་རྒྱུས་མདོར་བསྡུས། སྡོད་གནས། འབྲེལ་གཏུག་བྱེད་སྟངས། རིམ་པ་གཉིས་པ་ཡན་གྱི་སྨན་ཁང་ནས་བཏོན་པའི་གཟུགས་པོའི་བརྟག་དཔྱད་སྙན་ཞུ། རི་འཛེག་རྩལ་ཁྲིད་པ་དང་རི་མཐོའི་ལམ་ཁྲིད་པའི་འོས་ཐོབ་ལག་ཁྱེར།

    (ལྔ)རི་འཛེག་མཁོ་ཆས་དང་སྒྲིག་ཆས་ཀྱི་གསལ་ཐོ་བཅས་སོ།

    རི་འཛེག་འཆར་གཞིའི་ནང་ངེས་པར་དུ་རི་འཛེག་བྱ་ཡུལ་གྱི་རིའི་མིང་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད། ས་ཁམས་ཆགས་ཡུལ། རི་འཛེག་དུས་ཚོད། རི་འཛེག་ལམ་ཐིག་སོགས་ཀྱི་ནང་དོན་ཚུད་དགོས།

    རི་འཛེག་གི་ཞོར་གཏོགས་ཚན་རིག་རྟོག་ཞིབ་དང་། ཐིག་ལེན་རིས་འབྲི། གློག་བརྙན་བརྙན་འཕྲིན་པར་ལེན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུའི་རེ་ཞུ་བྱེད་སྐབས་ངེས་པར་དུ་ད་དུང་ཚན་རིག་རྟོག་ཞིབ་དང་། ཐིག་ལེན་རིས་འབྲི། གློག་བརྙན་པར་ལེན་སོགས་ཀྱི་འཆར་གཞི་འབུལ་དགོས།

    དོན་ཚན་བཅུ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལུས་རྩལ་གཙོ་འགན་སྡེ་ཚན་གྱིས་གཤམ་གསལ་གྱི་རི་འཛེག་བྱེད་སྒོར་ཆོག་མཆན་ཞུས་ནས་ཞིབ་མཆན་འགོད་སྐབས། ངེས་པར་དུ་ཚན་རིག་ལག་རྩལ་དང་། རང་བྱུང་ཐོན་ཁུངས། སྐྱེ་ཁམས་ཁོར་ཡུག རླུང་འཕྲིན་བརྙན་འཕྲིན་གློག་བརྙན། ནགས་ལས་དང་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་སྟེ།

    (གཅིག)རང་བྱུང་སྲུང་སྐྱོབ་ཁུལ་ནང་རི་འཛེག་བྱེད་སྒོ་སྤེལ་བ་དང་།

    (གཉིས)རི་འཛེག་གི་ཞོར་དུ་ཚན་རིག་རྟོག་ཞིབ་བྱས་པ།

    (གསུམ)རི་འཛེག་གི་ཞོར་དུ་ཐིག་ལེན་རིས་འབྲི་བྱས་པ།

    (བཞི)རི་འཛེག་གི་ཞོར་དུ་གློག་བརྙན་བརྙན་འཕྲིན་པར་ལེན་བྱས་པ་བཅས་སོ།

    རི་འཛེག་བྱེད་སྒོས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་བཟོ་ཡོད་རིགས། ངེས་པར་དུ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱེད་དགོས།

    དོན་ཚན་བཅུ་གཅིག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལུས་རྩལ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རི་འཛེག་བྱེད་སྒོའི་རེ་ཞུར་བདག་སྤྲོད་བྱས་པའི་ཉིན་ནས་བཟུང་ལས་ཀའི་ཉིན་གྲངས་ཉི་ཤུའི་ནང་ཆོག་མཆན་སྤྲོད་མིན་གཏན་འཁེལ་བྱེད་དགོས། ཆོག་མཆན་ཐོབ་མཁན་ལ་རི་འཛེག་འཁྲོལ་འཛིན་སྤྲོད་རྒྱུ་དང་། ཆོག་མཆན་མི་ཐོབ་མཁན་ལ་ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱེད་དགོས།

    རི་འཛེག་འཁྲོལ་འཛིན་ལག་ཁྱེར་སུབ་བཅོས་དང་། བར་ཚོང་། བོགས་གཏོང་། གཡར་གཏོང་བཅས་བྱེད་པའམ་ཡང་ན་རྣམ་པ་གཞན་གྱི་ཐོག་ནས་ཁྲིམས་འགལ་ངང་ནང་བཤུག་གཏོང་རིགས་གཏན་འགོག་བྱེད་དགོས།

    དོན་ཚན་བཅུ་གཉིས་པ། རི་འཛེག་བྱེད་སྒོར་ཆོག་མཆན་ཐོབ་རྗེས་རི་འཛེག་འཆར་གཞིར་རང་དགར་འགྱུར་ལྡོག་གཏོང་མི་ཆོག་པ་དང་། འགྱུར་ལྡོག་གཏོང་དགོས་ངེས་ཡིན་ཚེ་ངེས་པར་དུ་རི་འཛེག་གི་ཞིབ་བཤེར་མཆན་འགོད་འགྲོ་ལུགས་བསྐྱར་དུ་གཉེར་དགོས།

    དོན་ཚན་བཅུ་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ས་གནས་དེ་གའི་རང་བྱུང་ཐོན་ཁུངས་ཀྱི་གནས་ཚུལ་དང་། སྐྱེ་ཁམས་སྲུང་སྐྱོབ། སྤྱི་པའི་བདེ་འཇགས་སོགས་ཀྱི་དགོས་མཁོར་གཞིགས་ནས་ཐོ་འགོད་མི་ཆོག་པའི་གཏན་འབེབས་བྱས་ཆོག་པ་མ་ཟད། སྤྱི་ཚོགས་ཐོག་ཁྱབ་བསྒྲགས་ཀྱང་བྱས་ཆོག

    ལེའུ་གསུམ་པ། རི་འཛེག་བྱེད་སྒོ་སྒྲིག་འཛུགས་དང་སྤེལ་ཕྱོགས།

    དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལུས་རྩལ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རི་འཛེག་བྱེད་སྒོའི་སྤྱི་པའི་ཆ་འཕྲིན་དོ་དམ་དང་བློ་འདྲིའི་ལས་སྟེགས་འཛུགས་དགོས་པ་དང་། རིན་ཚབ་མི་དགོས་པར་རི་རྩེའི་མིང་དང་། ས་ཁམས་ཆགས་ཡུལ། རྒྱ་མཚོའི་ངོས་ལས་མཐོ་ཚད། ཉེན་ཁའི་རིམ་པ། ལེ་ལག་སྒྲིག་བཀོད། འཕྲལ་བསྟུན་རོགས་སྐྱོབ་སོགས་དགོས་ངེས་ཀྱི་ཆ་འཕྲིན་དང་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱེད་དགོས།

    དོན་ཚན་བཅོ་ལྔ་པ། རི་འཛེག་བྱེད་སྒོ་སྤེལ་རིང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལུས་རྩལ་གཙོ་འགན་སྡེ་ཚན་གྱིས་རི་རྩེའི་རྒྱ་མཚོའི་ངོས་ལས་མཐོ་ཚད་དང་ཚོགས་པའི་གཞི་ཁྱོན་སོགས་རྒྱུ་རྐྱེན་ལ་ཕྱོཌ་བསྡུས་དབྱེ་ཞིབ་དང་དཔྱད་དཔོག་བྱས་པར་གཞིགས་ཏེ་འབྲེལ་གཏུག་དཔོན་ཞིག་མངགས་ནས་སྤྱིའི་མཐུན་སྦྱོར་ལས་ཀའི་འགན་འཁུར་དགོས། འབྲེལ་གཏུག་དཔོན་གྱིས་ངེས་པར་དུ་གཤམ་གསལ་གྱི་འཁྲི་འགན་སྒྲུབ་དགོས་པ་སྟེ།

    (གཅིག)རི་འཛེག་མི་སྣས་བཅའ་ཁྲིམས་ཁྲིམས་སྲོལ་དང་བདེ་འཇགས་ཀྱི་ཚད་གཞིར་བརྩི་སྲུང་ཞུ་རྒྱུར་ལྟ་སྐུལ་བྱེད་དགོས་པ་དང་།

    (གཉིས)རི་འཛེག་འཆར་གཞི་ལག་བསྟར་བྱ་རྒྱུར་གཞོགས་འདེགས་བྱེད་དགོས་པ།

    (གསུམ)རི་འཛེག་གི་མྱུར་ཚད་ཤེས་རྟོགས་བྱེད་པ་དང་རི་རྩེར་འཛེག་པའམ་ཡང་ན་མཐོ་སར་འཛེག་པའི་གནས་ཚུལ་ཞིབ་བསྡུར་བྱེད་དགོས་པ་མ་ཟད། དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ།

    (བཞི)རི་འཛེག་གི་ལས་འཛོལ་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལུས་རྩལ་གཙོ་འགན་སྡེ་ཚན་ལ་ཡིག་ཐོག་ནས་བྱུར་རྐྱེན་སྙན་ཞུ་འབུལ་དགོས་པ།

    (ལྔ)རི་འཛེག་ཚོགས་པས་ཁོར་ཡུག་སྲུང་སྐྱོབ་ཀྱི་འོས་འགན་བསྒྲུབ་རྒྱུར་ལྟ་སྐུལ་བྱེད་དགོས་པ།

    (དྲུག)དེ་མིན་གྱི་དོན་གནད་གཞན་དག་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པ་བཅས་སོ།

    དོན་ཚན་བཅུ་དྲུག་པ། རི་འཛེག་བྱེད་སྒོ་སྤེལ་མཁན་ཚན་པས་ངེས་པར་དུ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་བདེ་འཇགས་ཀྱི་ཚད་གཞི་ལག་བསྟར་ནན་པོ་བྱས་ཏེ་བདེ་འཇགས་སྲུང་སྐྱོབ་ལམ་ལུགས་དང་འཕྲལ་སྡོམ་སྔོན་ཇུས་བཟོ་དགོས།

    ཚན་པ་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་རི་འཛེག་བྱེད་སྒོར་ཁྲིམས་དང་མི་མཐུན་པའི་འགལ་རྐྱེན་བཟོ་བ་དང་འགོག་རྐྱེན་བཟོ་མི་ཆོག

    དོན་ཚན་བཅུ་བདུན་པ། རི་འཛེག་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་གཤམ་གསལ་གྱི་གཏན་འབེབས་ལ་སྲུང་བརྩི་ཞུ་དགོས་པ་སྟེ།

    (གཅིག)ཀྲུང་གོ་དང་ཕྱི་རྒྱལ་གྱི་མཐའ་མཚམས་ཀྱི་རི་རྩེར་འཛེག་སྐབས་ཀྲུང་གོའི་བདག་དབང་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་འབྲེལ་བར་གནོད་པའི་བྱེད་སྒོ་སྤེལ་མི་ཆོག་པ་དང་།

    (གཉིས)རི་རྩེའི་མིང་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་བེད་སྤྱོད་བྱེད་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་ནས་ཁྱབ་བསྒྲགས་བྱས་པ་གཞིར་འཛིན་དགོས་པ།

    (གསུམ)ས་གནས་དེ་གའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས་པ།

    (བཞི)བདེ་འཇགས་ཉེན་བརྡའི་འབྲེལ་ཡོད་གཏན་འབེབས་ལ་སྲུང་བརྩི་ཞུས་ནས་གནས་སྐབས་ཚོད་འཛིན་དང་། བདེ་འཇཌ་ཉེན་ཟོན། འཕྲལ་སྡོམ་ཐག་གཅོད་སོཌ་ཀྱི་བྱ་ཐབས་ལག་བསྟར་ལ་གཞོགས་འདེཌ་བྱེད་དགོས་པ།

    (ལྔ)བདག་མེད་སྲོག་ཆགས་དང་རྩི་ཤིང་དང་དེའི་འཚོ་སྡོད་ཁུལ་ལམ་ཡང་ན་སྐྱེ་འཚར་ཁོར་ཡུག་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས་པ།

    (དྲུག)ཚོགས་པ་དེ་རང་ཕུད་པའི་མི་སྣ་གཞན་དག་རི་འཛེག་བྱེད་སྒོར་ཞུགས་སུ་འཇུག་མི་ཆོག་པ།

    (བདུན)རི་འཛེག་གི་ས་ཁོངས་སུ་དྲན་རྟེན་དངོས་རྫས་སམ་ཡང་ན་དངོས་རྫས་གཞན་དག་འཇོག་མི་ཆོག་པ་དང་། ཁྲིམས་དང་མི་མཐུན་པའི་སྒྲ་བརྙན་རྩོམ་རིགས་སྒྲ་འཇུག་གམ་ཡང་ན་དྲ་རྒྱར་བརྟེན་ནས་བརྒྱུད་བསྒྲགས་བྱེད་མི་ཆོག་པ།

    (བརྒྱད)དམག་དོན་སྒྲིག་བཀོད་དམ་ཡང་ན་སྒོ་མོ་དབྱེ་མེད་པའི་ས་ཁུལ་གཞན་དག་པར་ལེན་བྱེད་མི་ཆོག

    (དགུ)རང་བྱུང་མཛེས་ལྗོངས་དང་རང་བྱུང་རྗེས་ཤུལ་ལ་གཏོར་བཤིག་གཏོང་མི་ཆོག་པ་བཅས་སོ།

    དོན་ཚན་བཅོ་བརྒྱད་པ། རི་འཛེག་བྱེད་སྒོ་སྤེལ་སྐབས་བྱུར་རྐྱེན་ཐོན་ཚེ། རི་འཛེག་བྱེད་སྒོའི་གྲོས་འགོ་འདོན་མཁན་ཚན་པ་དང་རི་འཛེག་ཚོགས་པས་ངེས་པར་དུ་འཕྲལ་མར་ཛ་དྲག་རོགས་སྐྱོབ་དང་ཐག་གཅོད་བྱ་ཐབས་སྤྱད་དེ་རི་འཛེག་ཚོགས་པའི་ཁོངས་མི་བཀོད་སྒྲིག་འོས་འཚམ་བྱེད་དགོས་པ་དང་། དགོས་ངེས་སྐབས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལུས་རྩལ་གཙོ་འགན་སྡེ་ཚན་དང་། ས་གནས་དེ་གའི་མི་དམངས་སྲིད་གཞུང་། རི་རྩེའི་དོ་དམ་ཚན་པ། དེ་བཞིན་འབྲེལ་ཡོད་ཚན་པ་གཞན་དག་བཅས་ལ་རོགས་སྐྱོབ་བྱ་རྒྱུའི་རེ་བ་འདོན་དགོས། རོགས་སྐྱོབ་རེ་ཞུ་འབྱོར་མཁན་ཚན་པའམ་ཡང་ན་སྡེ་ཚན་གྱིས་ངེས་པར་དུ་བྱ་ཐབས་ཧུར་ཐག་འཛིན་ནས་སྐྱོབ་ཐབས་བྱེད་དགོས་པ་དང་། རྗེས་མཇུག་ལས་ཀ་འཐུས་ལེགས་སྒྲུབ་དགོས།

    དོན་ཚན་བཅུ་དགུ་པ། རི་འཛེག་བྱེད་སྒོ་སྤེལ་སྐབས་མི་སྣ་རྐྱེན་ལམ་དུ་ཤོར་རིགས། ཕུང་པོ་རྙེད་ཐབས་བྲལ་བའམ་ཡང་ན་ད་ཡོད་མི་ཤུགས་དང་ལག་རྩལ་ལ་བརྟེན་ནས་སྒྲུབ་ཐབས་བྲལ་བའི་གནས་ཚུལ་ཕུད། རི་འཛེག་བྱེད་སྒོ་སྤེལ་མཁན་ཚན་པས་ངེས་པར་དུ་ལོ་དེ་གའམ་ཡང་ན་ཕྱི་ལོར་རྐྱེན་ལམ་དུ་ཤོར་མཁན་གྱི་ཕུང་པོ་རི་ནས་དབོར་ཏེ་ཐག་གཅོད་འོས་འཚམ་བྱེད་དགོས།

    དོན་ཚན་ཉི་ཤུ་པ། རི་འཛེག་བྱེད་སྒོ་མཇུག་འགྲིལ་རྗེས་རི་འཛེག་བྱེད་སྒོ་སྤེལ་མཁན་ཚན་པས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལུས་རྩལ་གཙོ་འགན་སྡེ་ཚན་ལ་ཡིག་ཐོག་གི་སྙན་ཞུ་འབུལ་དགོས་པ་དང་། རི་འཛེག་པའམ་ཡང་ན་མཐོ་སར་འཛེག་པའི་པར་རིས་འབུལ་དགོས། ངོས་འཛིན་བྱས་རྗེས་རི་རྩེར་འཛེག་པའམ་ཡང་ན་མཐོ་སར་འཛེག་པའི་དཔང་ཡིག་སྤྲོད་དགོས།

    དོན་ཚན་ཉེར་གཅིག་པ། རི་འཛེག་གི་ཞོར་དུ་ཚན་རིག་རྟོག་ཞིབ་བྱས་ཚེ། རིག་འཛེག་བྱེད་སྒོ་སྤེལ་མཁན་ཚན་པས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་གཙོ་འགན་སྡེ་ཚན་ལ་རིན་དོད་མེད་པར་གཤམ་གསལ་གྱི་དངོས་དཔེ་དང་དཔྱད་ཡིག་མཁོ་འདོན་བྱེད་དགོས་པ་སྟེ།

    (གཅིག)འཚོལ་བསྡུ་བྱས་པའི་མ་དཔེ་དང་། དངོས་དཔེ། འགྱུར་རྡོ་བཅས་ཀྱི་གསལ་ཐོ་དང་།

    (གཉིས)སྲོག་ཆགས་དང་སྐྱེ་དངོས་ཀྱི་རིགས་རྒྱུད་གསར་པ་དང་དམིགས་བསལ་གྱི་སྲོག་ཆགས་དང་སྐྱེ་དངོས་ཁྱུ་ཚོགས་ཤེས་རྟོགས་བྱུང་རིགས།

    (གསུམ)འཚོལ་བསྡུ་བྱས་པའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྣ་རིགས་གསར་པའི་དཔེ་གཟུགས་དངོས་ཀྱི་མ་དཔེ་དང་། དམིགས་བསལ་དཀོན་གྲས་སྲོག་ཆགས་དང་སྐྱེ་དངོས་ཁྱུ་ཚོགས་ཀྱི་མ་དཔེ།

    (བཞི)ཁང་པའི་ནང་མ་དཔེ་དང་། དངོས་དཔེ། འགྱུར་རྡོ་བཅས་ལ་དབྱེ་ཞིབ་བྱས་འབྲས།

    (ལྔ)རི་འཛེག་གི་ཞོར་དུ་ཚན་རིག་རྟོག་ཞིབ་བྱེད་སྐབས་ཀྱི་སྒྲ་ཕབ་བརྙན་ཕབ་དཔྱད་གཞིའི་འདྲ་བཤུས།

    (དྲུག)མཁོ་འདོན་བྱེད་དགོས་པའི་དངོས་དཔེ་དང་དཔྱད་ཡིག་གཞན་དག་བཅས་སོ།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་དངོས་དཔེ་དང་དཔྱད་ཡིག་དང་ལེན་བྱས་ཚུལ་དུས་ཐོག་ཏུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལུས་རྩལ་གཙོ་འགན་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རིར་འཛེག་སྐབས་འཚོལ་བསྡུ་བྱས་པའི་མ་དཔེ་དང་། དངོས་དཔེ། འགྱུར་རྡོ་བཅས་དང་། དེ་བཞིན་བཟོ་སྒྲིག་བྱས་པའི་བརྙན་ཕབ་དཔྱད་ཡིག་ལ་ལྟ་སྐུལ་དོ་དམ་བྱེད་དགོས།

    དོན་ཚན་ཉེར་གཉིས་པ། རི་འཛེག་གི་ཞོར་དུ་ཐིག་ལེན་རིས་འབྲི་བྱས་ཚེ། རི་འཛེག་བྱེད་སྒོ་སྤེལ་མཁན་ཚན་པས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་ལ་ཐིག་ལེན་རིས་འབྲི་བྱས་འབྲས་ཀྱི་དཔྱད་ཡིག་ཕྱོགས་བསྒྲིགས་རྩིས་སྤྲོད་བྱེད་དགོས།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཐིག་ལེན་རིས་འབྲི་བྱས་འབྲས་ཀྱི་དཔྱད་ཡིག་དང་ལེན་བྱས་ཚུལ་དུས་ཐོག་ཏུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལུས་རྩལ་གཙོ་འགན་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།

    ལེའུ་བཞི་པ། ཁོར་ཡུག་སྲུང་སྐྱོབ་བྱེད་ཕྱོགས།

    དོན་ཚན་ཉེར་གསུམ་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལུས་རྩལ་དང་སྐྱེ་ཁམས་ཁོར་ཡུག་སོགས་གཙོ་འགན་སྡེ་ཚན་དང་དེ་བཞིན་རི་རྩེ་གནས་སའི་རྫོང་(ཆུད་དང་གྲོང་ཁྱེར)དང་ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་གིས་ངེས་པར་དུ་རི་འཛེག་བྱེད་སྒོའི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་དྲིལ་བསྒྲགས་སློབ་གསོ་ཡག་པོ་སྤེལ་དགོས་པ་དང་། སྤྱི་ཕན་རང་བཞིན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་རི་རྩེའི་ས་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས།

    དོན་ཚན་ཉེར་བཞི་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལུས་རྩལ་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རི་རྩེའི་ཁོར་ཡུག་གི་ཐེག་ནུས་གཞིར་བཟུང་། རི་འཛེག་སྒར་ས་བཀོད་སྒྲིག་ལུགས་མཐུན་དང་རི་འཛེག་མི་སྣའི་གྲངས་འབོར་ཚོད་འཛིན་བྱས་ཏེ་རི་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས།

    དོན་ཚན་ཉེར་ལྔ་པ། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ལྔ་སྟོང་ལྔ་བརྒྱ་མ་ཟིན་པའི་རི་རྩེའི་ས་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་དོན་དེ་རི་རྩེ་གནས་སའི་རྫོང(ཆུད་དང་གྲོང་ཁྱེར)དང་ཤང(གྲོང་རྡལ)མི་དམངས་སྲིད་གཞུང་གིས་འགན་འཁུར་རྒྱུ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་ལྔ་སྟོང་ལྔ་བརྒྱ་ཡན་གྱི་རི་རྩེའི་ས་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་དོན་དེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལུས་རྩལ་དང་སྐྱེ་ཁམས་ཁོར་ཡུག་སོགས་གཙོ་འགན་སྡེ་ཚན་གྱིས་རང་འཁྲིའི་ལས་བགོས་གཞིར་བཟུང་འགན་འཁུར་རྒྱུ།

    དོན་ཚན་ཉེར་དྲུག་པ། རི་འཛེག་བྱེད་སྒོ་སྤེལ་མཁན་ཚན་པ་དང་རི་འཛེག་ཚོགས་པས་ངེས་པར་དུ་རི་རྩེ་དང་། སྒར་ས། ལམ་ཐིག་བཅས་ཀྱི་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོབ་བྱེད་དགོས་ཤིང་། རི་འཛེག་བྱེད་སྒོ་ལས་བྱུང་བའི་གད་སྙིགས་རང་གིས་འཁྱེར་བའམ་ཡང་ན་དམིགས་འཛུགས་བྱ་ཡུལ་དུ་འཁྱེར་དགོས་པ་ལས་རང་དགར་དབྱུག་མི་ཆོག

    ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་ཉེར་བདུན་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཆོག་མཆན་མ་ཐོབ་པར་རི་འཛེག་བྱེད་སྒོ་སྤེལ་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལུས་རྩལ་གཙོ་འགན་སྡེ་ཚན་གྱིས་རི་འཛེག་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་འཇུག་པ་དང་རི་འཛེག་གི་གྲུབ་འབྲས་ཁས་ལེན་མི་བྱ་རྒྱུ་མ་ཟད། མི་སྒེར་ལ་དངུལ་ཆད་སྒོར་ལྔ་སྟོང་ཡན་ནས་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་། ཚན་པར་དངུལ་ཆད་སྒོར་ཁྲི་བཅུ་ཡན་ནས་སྒོར་ཁྲི་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་ལོ་གཅིག་ནས་ལོ་ལྔའི་ནང་ཚུན་དུ་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་རི་འཛེག་བྱེད་སྒོ་སྒྲིག་འཛུགས་བྱེད་མི་ཆོག་པའམ་ཡང་ན་དེའི་ནང་ཞུགས་མི་ཆོག

    དོན་ཚན་ཉེར་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཞིང་། རི་འཛེག་བྱེད་སྒོ་སྤེལ་མཁན་ཚན་པས་ཚན་རིག་རྟོག་ཞིབ་བྱས་ནས་ཐོབ་པའི་དངོས་དཔེ་དང་དཔྱད་ཡིག་མཁོ་འདོན་མ་བྱས་ཚེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཚན་རིག་ལག་རྩལ་གཙོ་འགན་སྡེ་ཚན་གྱིས་དངོས་དཔེ་དང་དཔྱད་གཞིའི་ཡིག་རིགས་གཞུང་བཞེས་གཏོང་རྒྱུ་མ་ཟད། སྒོར་ཁྲི་གཅིག་ཡན་ནས་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་གཅོད་རྒྱུ།

    དོན་ཚན་ཉེར་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་རི་འཛེག་བྱེད་སྒོ་ལས་བྱུང་བའི་གད་སྙིགས་རང་གིས་འཁྱེར་མེད་པའམ་ཡང་ན་དམིགས་འཛུགས་བྱ་ཡུལ་དུ་འཁྱེར་མེད་ན། ལུས་རྩལ་དང་སྐྱེ་ཁམས་ཁོར་ཡུག་གཙོ་འགན་སྡེ་ཚན་གྱིས་རང་འཁྲིའི་ལས་བགོས་གཞིར་བཟུང་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། རི་འཛེག་བྱེད་སྒོའི་གྲོས་འགོ་འདོན་མཁན་ཚན་པར་དངུལ་ཆད་སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་ཉི་ཤུ་མན་གཅོད་རྒྱུ། ཉེས་ཚབས་ཆེ་རིགས་ལ་དངུལ་ཆད་སྒོར་ཁྲི་ཉི་ཤུ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་གཅོད་རྒྱུ།

    དོན་ཚན་སུམ་ཅུ་པ། ལུས་རྩལ་གཙོ་འགན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་གཞན་དག་གི་ལས་བྱས་རི་འཛེག་དོ་དམ་ལས་ཀ་སྒྲུབ་རིང་རང་འཁྲིའི་ལས་འགན་སྣང་མེད་དུ་འཇོག་པ་དང་། འགན་དབང་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་བྱས་ཚེ། ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    དོན་ཚན་སོ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་མེད་པའི་ཆད་གཅོད་ཀྱི་བྱེད་སྤྱོད་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་ནང་ཆད་པ་གཅོད་རྒྱུའི་གཏན་འབེབས་ཡོད་རིགས་གཏན་འབེབས་དེ་བཞིན་བྱ་རྒྱུ།

    ལེའུ་དྲུག་པ། ཞར་བྱུང་།

    དོན་ཚན་སོ་གཉིས་པ། ཕྱི་རྒྱལ་བས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་རི་འཛེག་བྱེད་སྒོ་སྤེལ་བར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་སྤྱད་ན་འཐུས།

    དོན་ཚན་སོ་གསུམ་པ། སྲོལ་ཡིག་འདི་2023ལོའི་ཟླ་11ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ། (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།