ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཁྲལ་དོན་ཁོངས་གཏོགས་ལ་བརྟག་ཞིབ་གནང་བ།
ཚེས་14ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འགན་འཁྲི་དང་ལས་འགན་ནན་ཏན་བསྒྲུབས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲལ་དོན་གྱི་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཁྲལ་གཉེར་ཞབས་འདེགས་ཚོམས་ཆེན་དང་། 12366ཁྲལ་འཇལ་ཞབས་འདེགས་དང་དྲིལ་བསྒྲགས་ལྟེ་གནས། ཡོང་འབབ་འཆར་འགོད་ཞིབ་རྩིས་ཁྲུའུ་བཅས་སུ་ཡན་ཅིན་ཧའེ་ཡིས་ལས་དོན་པ་དང་ལས་སྒོ་གཉེར་བར་ཡོང་མཁན་མང་ཚོགས་ལ་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་ས་གནས་ས་ཐོག་ཏུ་ཁྲལ་གཉེར་གྲོན་དངུལ་འཇལ་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ། ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཁྲལ་སློག་དང་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་སོགས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཁྲལ་དོན་སྡེ་ཚན་ནི་གཉེར་སྐྱོང་བྱེད་པོ་དང་ཐག་ཉེ་ཤོས་དང་། མི་དམངས་མང་ཚོགས་དང་འབྲེལ་བ་བྱེད་མང་ཤོས། ཐེངས་གྲངས་མང་ཤོས། འབྲེལ་བ་ཟབ་ཤོས་བཅས་རེད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། གཉེར་སྐྱོང་བྱེད་པོ་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལ་དམིགས་ནས་ཁྲལ་འཇལ་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། ཁྲལ་གཉེར་ལས་ཕྱོད་ཆེ་རུ་གཏོང་བ། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་གྱི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བཅས་བྱས་ནས་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་གྱི་ཐོབ་སྣང་ཟབ་ཏུ་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ལྗོངས་ཡོངས་ཀྱི་ཁྲལ་དོན་ལས་དོན་གྱི་སྙན་སེང་གསན་རྗེས་ཡན་ཅིན་ཧའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག་བོད་ལ་དམིགས་བསལ་གྱི་ནོར་ཁྲལ་རྒྱབ་སྐྱོར་སྲིད་ཇུས་དང་། དངུལ་རྩའི་གཟིགས་སྐྱོང་སྲིད་ཇུས། ཐོན་ལས་རོགས་སྐྱོར་ཁ་གསབ་སྲིད་ཇུས་བཅས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ལྗོངས་ཡོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ། ཁྲལ་བསྡུའི་སྲིད་ཇུས་ཀྱི་ཁྲིད་སྟོན་གྱི་ནུས་པ་དང་ཞབས་ཞུའི་ནུས་པ་ཡག་པོ་འདོན་པ་དང་། ཁྲལ་གྲོན་རྒྱབ་སྐྱོར་གྱི་སྲིད་ཇུས་ཁག་གནད་སྨིན་དོན་འཁྱོལ་བྱེད་པ། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་འཕེལ་རྒྱས་ལ་རྒྱབ་སྐྱོར་དེ་བས་ཡག་པོ་བྱེད་པ། དངོས་ཚན་དཔལ་འབྱོར་ལེགས་སུ་དང་རྒྱ་སྟོབས་ཆེ་རུ་འགྲོ་བར་དེ་བས་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱས་ཏེ། ཁྲལ་དོན་ཞབས་འདེགས་ཞུ་རྒྱ་དང་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ཡན་ཅིན་ཧའེ་ཡིས། བོད་ལ་འབྱུང་འགྱུར་འཕེལ་རྒྱས་ཀྱི་གཏིང་ཤུགས་ཧ་ཅང་ཆེན་པོ་ཡོད། ལྗོངས་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་རང་ངོས་ཀྱི་ལེགས་ཆ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ་དང་། “འབྲེལ་ཟམ”གྱི་ནུས་པ་ཡག་པོ་བཏོན་ཏེ་རང་འགུལ་ངང་བོད་དུ་མཉམ་འདྲེས་དང་། བོད་ལ་ཞབས་འདེགས། བོད་ལྗོངས་འཛུགས་སྐྲུན་བཅས་ཀྱི་ནང་དེ་བས་ཧུར་ཐག་ཞུགས་དགོས་པའི་ནན་བཤད་གནང་བ་རེད།