དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-15

    (2023ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ)

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》(གཤམ་དུ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་བསྡུ་རྒྱུ)ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་སྲ་བརྟན་དུ་གཏོང་བ། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཡག་པོ་མཐའ་འཁྱོངས་བྱེད་པ། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བ་བཅས་བྱེད་ཆེད། དམིགས་སུ་ཆོད་དོན་འདི་བཟོས་པ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    【2023】ཡིག་ཨང་8པ།

    《མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན》འདི་2023ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2023ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

                                                                  བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

                                                                  2023ལོའི་ཟླ་7ཚེས་31ལ།

    གཅིག མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། མཚོ་བོད་ས་མཐོར“འཛམ་གླིང་གི་ཡང་རྩེ”ཞེས་འབོད་ཅིང་། འདི་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་ཕུགས་ཀྱི་གོང་འཕེལ་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་འདི་ནི་རང་རྒྱལ་གྱིས་རྒྱལ་ཁབ་རིམ་པའི་ངོས་ནས་ཁྲིམས་བཟོས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཚད་ལྡན་དུ་གཏོང་བའི་ཆེད་དོན་བཅའ་ཁྲིམས་ཐོག་མ་དེ་ཡིན་ལ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་། མཆན་བཀོད་མཛུབ་སྟོན་གྱི་དགོངས་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་མ་ལག་འཛུགས་སྐྱོང་གི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་པས་མཚོ་བོད་ས་མཐོའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཀྲུང་ཧྭ་མི་རིགས་རྒྱུན་སྲིང་གོང་འཕེལ་འགྲོ་བའི་སྐྱེ་ཁམས་རྨང་གཞི་བརྟན་དུ་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ཡོད།

    མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལག་བསྟར་མཐར་ཕྱིན་བྱ་རྒྱུ་དེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་འབྲེལ་བ་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཕུགས་ཀྱི་གོང་འཕེལ་དང་ཕ་ཚ་བུ་རྒྱུད་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད། བོད་ལྗོངས་འདི་ཉིད་མཚོ་བོད་ས་མཐོའི་གཙོ་རྐང་ཡིན་པའི་ངོས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལག་བསྟར་བྱེད་པའི་ཁྲོད་གནས་བབ་གལ་ཆེན་བཟུང་བ་དང་ནུས་པ་གལ་ཆེན་ཐོན་ཡོད་ལ། ལོ་རྒྱུས་ཀྱི་འགན་འཁྲིའང་གལ་ཆེན་ཁུར་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། རྩ་འཛུགས་གཞན་དག་བཅས་དང་དེ་བཞིན་རྒྱལ་ཁབ་ཀྱི་ལས་དོན་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན། “རི་ཀླུང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡང་གསེར་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོར་ངོས་འཛིན་གང་ལེགས་བྱེད་པ། སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་མཐར་ཕྱིན་བྱེད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། ཚད་མཐོའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཀྱི་ཐོག་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པའི་བརྩོན་ལེན་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱི་དགེ་མཚན་བཟང་པོ་དག་བཅོས་སྐྱོང་གི་ཕན་འབྲས་ལ་འགྱུར་ཐུབ་པ་བྱེད་དགོས།

    གཉིས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དོན་འཁྱོལ་བྱེད་པར་འགན་ལེན་ཧུར་ཐག་བྱས་ནས་རང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུ་དེ་ཁྲིམས་སྐྱོང་གི་ལམ་བུའི་ཐོག་གྲུབ་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

    (གཅིག)མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱེད་དགོས་པ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་རིག་གནས་ཀྱི་མ་ལག་དང་། སྐྱེ་ཁམས་དཔལ་འབྱོར་གྱི་མ་ལག དམིགས་ཚད་འགན་འཁྲིའི་མ་ལག སྐྱེ་ཁམས་ཤེས་དཔལ་གྱི་ལམ་ལུགས་མ་ལག སྐྱེ་ཁམས་བདེ་འཇགས་ཀྱི་མ་ལག་བཅས་འཛུགས་རྒྱུར་ཤུགས་སྣོན་རྒྱག་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་བྱ་རྒྱུ་གཉིས་གཅིག་གྱུར་འཆར་འགོད་བཟོ་རྒྱུ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་གོང་འཕེལ་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་སྲུང་སྐྱོབ་ཁྲོད་གོང་འཕེལ་དང་གོང་འཕེལ་ཁྲོད་དེ་བས་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་དང་། སྐྱེ་ཁམས་དཔལ་འབྱོར། སྐྱེ་ཁམས་བར་སྟོང་། སྐྱེ་ཁམས་ལམ་ལུགས། སྐྱེ་ཁམས་རིག་གནས་བཅས་གཞི་གཅིག་ཅན་གྱི་འཛུགས་སྐྱོང་དང་དོ་དམ་ལ་སྐུལ་འདེད་གཏོང་དགོས། བྱ་ཐབས་ནུས་ལྡན་སྤྱད་དེ་མཚོ་བོད་ས་མཐོའི་སྲོལ་རྒྱུན་གྱི་སྐྱེ་ཁམས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱས་ནས་མཚོ་བོད་ས་མཐོའི་ཕུལ་བྱུང་གི་སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་དགོས། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་ཁྱབ་སྤེལ་དང་། འབྱུང་འཕྲོད་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ། དམངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་བྱང་ཚད་མཐོར་གཏོང་། ཚན་པ་དང་མི་སྒེར་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

    (གཉིས)ཁྲིམས་བཟོ་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན། ཆུད་བཙུགས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ་ས་གནས་ཁྲིམས་བཟོར་ཤུགས་སྣོན་དང་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གཅིག་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་བཟོ་འབེབས་བྱེད་པར་ཞིབ་འཇུག་གང་མགྱོགས་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་འཆར་ཟིན་ཞིབ་འཇུག་བཟོ་འགོད་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་སྔོན་ཚུད་ནས་ཐེ་ཞུགས་བྱས་ཏེ་ཁྲིམས་སྲོལ་འཆར་ཟིན་དུས་ཐོག་ཏུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་གྲོས་ཞིབ་གནང་རེ་ཞུ་དགོས། གཉིས་ནས་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་བཟོའི་དགོས་མཁོ་དུས་ཐོག་ཏུ་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ“བཟོ་བཅོས་འདོར་འགྲེལ”གྱི་ལས་དོན་ལ་གཅིག་གྱུར་ཐོག་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལམ་ལུགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། ས་གནས་སྲིད་གཞུང་གི་སྒྲིག་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་ལ་ཆེད་དོན་ཞིབ་བཤེར་བྱེད་པའི་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མི་མཐུན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་། ས་གནས་སྲིད་གཞུང་གི་སྒྲིག་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་ལ་ཕྱོགས་ཡོངས་ནས་གཙང་བཤེར་བྱ་རྒྱུ་མ་ཟད། དུས་ཐོག་ཏུ་བཟོ་བཅོས་རྒྱག་པ་དང་མེད་པ་བཟོ་དགོས། བཞི་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་མཐུན་སྦྱོར་ཁྲིམས་བཟོར་སྐུལ་སྤེལ་གཏོང་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ས་གནས་སྲིད་གཞུང་གི་སྒྲིག་སྲོལ་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ས་གནས་ཁྲིམས་བཟོའི་ལག་བསྟར་རང་བཞིན་དང་། ཁ་གསབ་རང་བཞིན། འཚོལ་ཞིབ་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་མཉམ་དུ་སྐུལ་སྤེལ་གཏོང་དགོས།

    (གསུམ)ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱེད་དགོས། གཅིག་ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་འཇུག་དགོས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འཆར་འགོད་མ་ལག་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ས་ཆའི་བར་སྟོང་གསར་སྤེལ་དང་བེད་སྤྱོད་བྱེད་སྟངས་ཚད་ལྡན་བཟོ་བ། དེ་བཞིན་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་གལ་ཆེན་དང་། འཆར་འགོད་གལ་ཆེན། རྣམ་གྲངས་གལ་ཆེན་བཅས་ལ་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་ཆོག་མཆན་ཞུ་དགོས། གཉིས་ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲིའི་ལམ་ལུགས་དང་། ལས་རྗེས་གདེང་འཇོག་དཔྱད་ཞིབ། དེ་བཞིན་གཙོ་བོའི་འགན་འཁུར་བ་སྐོང་འདྲིའི་ལམ་ལུགས་བཅས་ལག་བསྟར་བྱེད་དགོས། མཉམ་འབྲེལ་ཁྲིམས་བསྟར་གྱི་ལམ་སྲོལ་བཙུགས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་དང་འབྲེལ་བ་ཡོད་པའི་གསར་སྤེལ་འཛུགས་སྐྲུན་གྱི་བྱེད་སྒོ་ཁག་ལ་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་བྱས་ནས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། ཚབས་ཆེའི་ཁྲིམས་འགལ་གྱོད་གཞི་དང་། སྲིད་འཛིན་ས་ཁོངས་བརྒལ་བ། སྐྱེ་ཁམས་ཚོར་སྐྱེན་ཆེ་ཁུལ་བཅས་ཀྱི་ཁྲིམས་འགལ་གྱོད་གཞིར་ཁྲིམས་ལྟར་ཞིབ་གཅོད་ནན་པོ་བྱེད་དགོས། གསུམ་ནི་སྲིད་འཛིན་ས་ཁོངས་དེ་གའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་། སྐྱེ་ཁམས་ཀྱི་ཉེན་ཁ་འགོག་ཟོན། ཐོན་ལས་གྲུབ་ཆ་དང་བཀོད་པ་ལེགས་སྒྱུར། མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་སོགས་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་དགོས། བཞི་ནི་ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་བརྒྱབ་ནས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ནང་སྤྱི་དམངས་ཐེ་ཞུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། སྤྱི་དམངས་ཀྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ཁྲིམས་ལྟར་འཐབ་རྩོད་བྱ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བཅས་བྱས་ཏེ་འབྱུང་འཕྲོད་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་དེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱེད་དགོས། ལྔ་ནི་གཟེངས་བསྟོད་དང་བྱ་དགའ་སྤྲོད་པའི་ལམ་སྲོལ་འཛུགས་དགོས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ལས་དོན་ནང་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་ཚན་པ་དང་མི་སྒེར་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

    (བཞི)ཁྲིམས་ལྟར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་འགན་འཁྲི་འཁུར་ནས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། 2024ལོ་ནས་བཟུང་། རྫོང་རིམ་ཡན་གྱི་མི་དམངས་འཐུས་ཚོགས་སམ་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ངེས་པར་དུ་ཁྲིམས་ལྟར་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ལས་ཀའི་གནས་ཚུལ་སྐོར་གྱི་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་སྙན་ཞུ་ཁྲིམས་བཞིན་དུས་བཀག་ལྟར་ཉན་འཇོག་བྱས་ནས་གྲོས་ཞིབ་བྱེད་དགོས། ཁྲིམས་བསྟར་ཞིབ་བཤེར་སོགས་ཀྱི་ལྟ་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་འབྲེལ་ཡོད་སྡེ་ཚན་དང་དེའི་ལས་དོན་མི་སྣས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ལྟ་སྐུལ་བྱེད་དགོས་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་རང་རྟོགས་ངང་རིམ་པ་དེ་གའི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་ལེན་ཞུས་ཏེ་འགན་འཁྲི་ཁག་བགོས་ལྟར་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ལམ་ལུགས་དང་གཏན་འབེབས་ཁག་ལག་བསྟར་ནན་ཏན་བྱ་རྒྱུ་དང་། རིམ་པ་དེ་གའི་མི་དམངས་འཐུས་ཚོགས་སམ་ཡང་ན་དེའི་རྒྱུན་ལས་ཨུ་ལྷན་ལ་རང་འགུལ་ངང་དོན་འཁྱོལ་བྱས་ཚུལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས།

    (ལྔ)ཁྲིམས་འཛིན་འགན་སྲུང་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པ། རིམ་ཁག་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། འབྲེལ་ཡོད་སྲིད་འཛིན་ཁྲིམས་བསྟར་སྡེ་ཚན་བཅས་ཀྱིས་སྲིད་འཛིན་དང་ཁྲིམས་བསྟར་མཉམ་དུ་སྲུང་སྐྱོབ་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་གྱོད་གཞི་གཉེར་སྒྲུབ། སྤྱི་ཕན་གཏུག་བཤེར་གྱི་ཁྲིམས་འཛིན་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་ཁོར་ཡུག་གི་གཏོར་སྐྱོན་གུན་གསབ་དང་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དང་ཁྲིམས་བསྟར་ཁྲིམས་འཛིན་གྱི་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་འཛུགས་པ། གྱོད་གཞིའི་ཁུངས་སྣེ་ཕྱོགས་གཉིས་ཀར་སྐྱེལ་སྤྲོད་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྲིད་འཛིན་ས་ཁོངས་བརྒལ་བའི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་བདག་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་བརྟེན་ནས་ཁྲིམས་འཛིན་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ཚན་པས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ལ་བཅའ་ཁྲིམས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་པར་སྐུལ་མ་གཏོང་དགོས།

    གསུམ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པར་མཉམ་དུ་སྐུལ་འདེད་བཏང་ནས་བཅའ་ཁྲིམས་ལག་བསྟར་གྱི་མཉམ་ཤུགས་ཆེན་པོ་རྒྱ་ཁྱབ་ངང་གཅིག་ཏུ་བསྒྲིལ་དགོས།

    (གཅིག)ཏང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འགོ་ཁྲིད་བྱེད་པ་མཐའ་འཁྱོངས་བྱེད་དགོས་པ། ལྗོངས་ཡོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མ་ཟད། བྱ་ཐབས་ནུས་ལྡན་སྤྱོད་པ་དང་། ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས།

    (གཉིས)འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་བྱེད་པར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚན་རྩལ་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་ཐོན་དང་སྤྱོད་གོ་ཆོད་པའི་ལག་རྩལ་ཁྱབ་སྤེལ་དང་བེད་སྤྱོད་བྱེད་པ། ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཁྲོད་ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་ཚན་རྩལ་ཅན་དང་། གྲངས་གཞི་ཅན། ཆ་འཕྲིན་ཅན་བཅས་སུ་འགྱུར་ཤུགས་ཆེ་རུ་གཏོང་དགོས།

    (གསུམ)བཅའ་ཁྲིམས་ཁྱབ་གདལ་གྱི་མཉམ་ཤུགས་ཆགས་པ་བྱེད་དགོས་པ། རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་ལྷག་པར་དུ་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་གཅིག་གྱུར་བཀོད་སྒྲིག་བྱས་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དང་། སློབ་གསོ་གཏོང་རྒྱུ་དེ“ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་གྱི་གལ་ཆེའི་ནང་དོན་ལ་བརྩི་བ་དང་། ཁྲིམས་ལུགས་ཁྱབ་གདལ་གཏོང་བའི་འཆར་འགོད་དང་འགན་འཁྲིའི་གསལ་ཐོའི་ནང་འཇུག་པ། ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་འཛུགས་པ། གྱོད་གཞིར་བརྟེན་ནས་ཁྲིམས་ལུགས་གསལ་འགྲེལ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། “8.15”རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་དང་། རང་སྐྱོང་ལྗོངས་སྐྱེ་ཁམས་ཤེས་དཔལ་གྱི་དྲིལ་བསྒྲགས་ཟླ་བ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཁྱབ་བསྒྲགས་ལག་བསྟར་ཉིན་མོ་སོགས་གལ་ཆེའི་དུས་ཚིགས་སུ་ལྟ་འདོད་ཅིང་ཉན་སྤྲོ་བའི་ཐབས་ལམ་སྣ་ཚོགས་ཐོག་ནས་བཅའ་ཁྲིམས་སློབ་སྦྱོང་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ལས་བྱེད་པ་དང་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རང་འགུལ་ངང་བཅའ་ཁྲིམས་སློབ་སྦྱོང་དང་། བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་འགན་འཁྲི་སྒྲུབ་པ། དཔེ་སྟོན་གྱིས་ཁྲིམས་སྲུང་བ་བཅས་བྱས་ཏེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། གསར་འགྱུར་སྨྱན་སྦྱོར་གྱིས་ངེས་པར་དུ་བྱེད་ཐབས་སྣ་ཚོགས་སྤྱད་དེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བྱ་རྒྱུ་དྲིལ་བསྒྲགས་དང་གཏོང་སྤེལ་བྱེད་དགོས། བྱ་ཐབས་སྣ་ཚོགས་སྤྱད་དེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ཁྲིམས་བཟོའི་དགོངས་དོན་དང་བཅའ་ཁྲིམས་ཀྱི་གཏན་འབེབས་རྒྱ་ཁྱབ་ངང་དྲིལ་བསྒྲགས་གཏིང་ཟབ་བྱ་རྒྱུ་མ་ཟད། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་གྲོང་གསེབ་དང་། སློབ་གྲྭ། ལས་ཁུངས། སྡེ་ཁུལ། ཁེ་ལས། ཚན་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། དྲ་རྒྱ། ཁྱིམ་ཚང་། དམག་སྒར་བཅས་སུ་སྤེལ་རྒྱུར་མུ་མཐུད་སྐུལ་སྤེལ་གཏོང་རྒྱུ་དང་། ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བར་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་གཏོད་དགོས།

    ཆོད་དོན་འདི་2023ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་དགོས།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།