དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཁྲེན་ཡུང་ཆི་ཡིས་ནག་ཆུ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-15

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཡིས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དང་། སྦྲ་ཆེན་རྫོང་། སོག་རྫོང་། གསེར་རྙེད་ཆུས་བཅས་སུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། ལྷ་རི་རྫོང་གི་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་། གསེར་ཟམ་གློག་ཁང་། གྲོང་ཡུལ་ཤང་གི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ས་ཚིགས་བཅས་དང་། དེ་བཞིན་སྦྲ་ཆེན་རྫོང་གི་ཆེས་བྲིན་ཁེ་ལས་ཚད་ཡོད་འགན་འཁྲི་ཀུང་སི་དང་། རྫོང་འབྲོག་ལས་ཐོན་ལས་གླིང་གི་ཞོར་གཏོགས་འགྲོ་ལམ་འཛུགས་སྐྲུན་བྱ་ཡུལ། སོག་རྫོང་སློབ་འབྲིང་གཉིས་པའི་རྣམ་གྲངས་ས་ཚིགས། རླངས་འཁོར་ཉམས་བཟོའི་ཕྱོགས་བསྡུས་ཞབས་ཞུ་པུའི་འཛུགས་སྐྲུན་དབུལ་སྐྱོར་རྣམ་གྲངས་ས་ཚིགས། དཀར་ཤོད་ཚོང་དོན་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཁང་། བོད་ལྗོངས་གསར་སྤེལ་ཀུང་སིའི་སོག་རྫོང་རྭ་རྭ་གྲོང་ཚོའི50MWའོད་ཤུགས་ནུས་གསོག་རྣམ་གྲངས་ཨར་སྐྲུན་བྱ་ཡུལ། རྒྱལ་ཁབ་ནུས་རྒྱུ་ཚོགས་པ་ནག་ཆུའི་འོ་མ་དེང་དགེའི་100MWརླུང་གློག་རྣམ་གྲངས་ས་ཚིགས་བཅས་སུ་ཕེབས་ཏེ། རྣམ་གྲངས་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་གནང་བ་དང་མང་ཚོགས་ཀྱི་འབབ་འཕར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་སྟེ་གནས་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་གནང་བ་རེད།

    ཁྲེན་ཡུང་ཆི་ཡིས། ནག་ཆུ་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་དང་ནུས་རྒྱུ་གཙང་མའི་ཐོན་ལས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་བརྟན་པོ་བསྲུངས་ནས་ཚད་གཞི་མཐོ་བའི་ས་ཞིང་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། ས་བོན་དང་ས་ཞིང་ཕན་ཚུན་འཕྲོད་པར་ཤུགས་རྒྱག་པ། སྐྱེ་དངོས་རྐྱང་པའི་ཐོན་ཚད་མཐོ་རུ་འགྲོ་བར་ཤུགས་རྒྱག་པ་བཅས་བྱས་ནས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་དང་། རྩྭ་སོན་ལེགས་སུ་གཏོང་ཤུགས་ཆེ་རུ་གཏོང་བ། ཕྱུགས་ཤོང་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་ཐོན་རྫས་ལས་སྣོན་ཞིབ་ཚགས། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ། ཁྲོམ་ར་ཅན་དང་། ཁྱད་ཆོས་ཅན། སྤུས་ལེགས་ཅན་བཅས་ཀྱི་འཕེལ་རྒྱས་ལམ་བུར་སྐྱོད་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་ཤུགས་ཆེ་རུ་གཏོང་བ། ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་ནུས་པ་གང་ལེགས་འདོན་པ་བཅས་བྱས་ནས་ཞིང་འབྲོག་པའི་ཡོང་འབབ་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། སྲོལ་རྒྱུན་གྱི་བཟོ་རྩལ་དང་དེང་རབས་ཀྱི་འཚོ་བ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཤུགས་སྣོན་དང་། ལས་སྟེགས་སྐྲུན་པ་དང་སྤུས་རྟགས་བཏོད་དེ་མི་རིགས་ཀྱི་ལག་ཤེས་བཟོ་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་དམངས་འཚོའི་བྱ་བ་དངོས་21ཚང་མ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་མྱུར་པོ་གཏོང་བ་དང་། མི་དམངས་བློ་ཡིད་ཚིམ་པའི་སྨན་བཅོས་འཕྲོད་བསྟེན་དང་སློབ་གསོའི་བྱ་གཞག་ཡག་པོ་སྒྲུབ་པ། དཀའ་ངལ་ཡོད་པའི་མང་ཚོགས་དང་དམིགས་བསལ་ཚོགས་སྤྱིའི་གཞི་རྩའི་འཚོ་བ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐུགས་ཁུར་དང་གཟིགས་སྐྱོང་མང་ཚོགས་ལ་དུས་ཐོག་ཏུ་ཚོར་དུ་འཇུག་དགོས། མི་དམངས་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་པ་དེ་གཙོ་གནད་དུ་བརྩིས་ནས་ནུས་རྒྱུ་གཙང་མ་མཁོ་སྤྲོད་འགན་ལེན་གྱི་རྣམ་གྲངས་འཛུགས་སྐྲུན་དང་རྡོ་སོལ་གྲབས་གསོག་མགྱོགས་བྱས་ཏེ། དམངས་འཚོའི་ནུས་སྤྱོད་ཀྱི་མཐའ་ཚད་བསྲུངས་ནས་གློག་སྒོ་བརྒྱབ་སྟེ་གློག་ལ་ཚོད་འཛིན་དང་གློག་འགོག་པའི་གནས་ཚུལ་མཐའ་གཅིག་ཏུ་མི་ཐོན་པར་བྱེད་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ངོ་མར་བསྒྱུར་ནས། ལོ་འཁོར་གྱི་དམིགས་ཚད་ལས་འགན་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་པ་དང་ཕྱི་ལོའི་ལས་དོན་ཁག་ལ་ཇུས་འགོད་ཡག་པོ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མུ་མཐུད་གཏོང་དགོས་ཞེས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།