ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
● ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་རང་ལྗོངས་ཀྱི་དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུར་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་ནི་དངུལ་རྩའི་གནད་དོན་སྐོར་གྱི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། དེར་མཐོ་གཟིགས་འོག་བསྐྱངས་དང་། དགོངས་པ་གཏིང་ཟབ་པ། དར་ཆ་བསྒྲེངས་ནས་ཁ་ཕྱོགས་གསལ་སྟོན་བཅས་བྱས་ཡོད་པས། ང་ཚོས་དུས་རབས་གསར་པར་དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། དེའི་ཁྲོད་ཀྱི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་སྟངས་འཛིན་ཡག་པོ་བྱེད་པ་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་།ལྟ་བ། བྱ་ཐབས་བཅས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དོན་དངོས་དང་འཚམ་པའི་དེང་རབས་དངུལ་རྩའི་མ་ལག་གང་མགྱོགས་བསྐྲུན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་ཀྱིས་མིག་སྔའི་དངུལ་རྩའི་གཙོ་གནད་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས། མ་དངུལ་གྱི་མཁོ་སྤྲོད་གྲུབ་ཆ་ལེགས་སྒྱུར་བྱས་ཏེ། དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་འདུ་ཤེས་ལ་འགྱུར་ལྡོག་ཧུར་ཐག་གཏོང་བ་དང་། ཚན་རྩལ་དངུལ་རྩ་དང་། ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་འཛིན་དངུལ་རྩ་བཅས་ཀྱི་ལས་དོན་ཆེན་པོ་ལྔ་ཡག་པོ་སྒྲུབ་པ། དངུལ་རྩའི་རྒྱུ་རྐྱེན་གཙོ་བོ“འཛུགས་གཏོད་བཞིར”དམིགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་། གཙོ་གནད་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་རྒྱས། སྐྱེ་ཁམས་འཛུགས་སྐྱོང་། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་སོགས་ལ་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། མ་དངུལ་བསྡུ་སྒྲིལ་གྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་། དངུལ་རྩའི་ངོ་བོ་དང་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། སྔོན་ཐོན་དཔེ་བསྡུར་དང་ཉམས་མྱོང་དཔྱད་གཞིར་འཛིན་པ། རྗེས་ཐོན་གྱི་ལེགས་ཆ་འདོན་སྤེལ། དངུལ་རྩའི་སྒྲིག་གཞི་སྟོབས་ཆེར་དང་ཁྲོམ་རའི་མ་ལག་ལེགས་སུ་གཏོང་བ། མ་དངུལ་དངོས་ཚན་དཔལ་འབྱོར་ནང་ཞུགས་པའི་ཐབས་ལམ་ཤར་གཏོང་བཅས་བྱས་ནས་དངུལ་རྩའི་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ངང་དངུལ་རྩས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་། སྨན་བཅོས། སྡོད་ཁང་། རྒན་གསོ་སོགས་ཀྱི་ཁྱབ་ཁོངས་ལ་གཙོ་གནད་ཐོག་དམིགས་ནས་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་དངུལ་རྩའི་ཞབས་ཞུའི་ལས་ཕྱོད་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། དངུལ་རྩའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ། ལས་གཏོད་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་དངུལ་རྩའི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དངུལ་རྩར་ལྟ་འདོམས་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱས་ནས་དངུལ་རྩའི་ཉེན་ཁར་ནུས་ཤུགས་ཡོད་རྒུས་འགོག་ཟོན་བྱེད་དགོས། ལྟ་འདོམས་ཀྱི་འགན་འཁྲི་ནན་དུ་བཏང་སྟེ། ལས་ཁུངས་ལ་ལྟ་འདོམས་དང་། བྱ་སྤྱོད་ལ་ལྟ་འདོམས། བྱེད་ནུས་ལ་ལྟ་འདོམས། འཕེལ་རྒྱུན་ལ་ལྟ་འདོམས། རྒྱུན་མཐུད་ལྟ་འདོམས་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་རྡུང་རྡེག་ནན་པོ་བཏང་ནས་ལྟ་འདོམས་ཀྱི་ནུས་ལྡན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “སྤྱི་ཡོངས་བརྟན་ལྷིང་དང་། སྤྱི་འདོམས་མཐུན་སྦྱོར། རིགས་དབྱེ་ཇུས་འདོན། གནད་སྨིན་སྐྱོན་སེལ”བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་དང་། སྔ་ཙམ་ནས་ཉེན་ཁ་དབྱེ་འབྱེད་དང་། སྔ་ཙམ་ཉེན་བརྡ་གཏོང་བ། སྔ་ཙམ་ཤེས་རྟོགས། སྔ་ཙམ་ཐག་གཅོད་བཅས་བྱས་ཏེ། ས་ཁོངས་རང་བཞིན་དང་ཁོངས་གཏོགས་རང་བཞིན་གྱི་ཉེན་ཁའི་མཐའ་ཚད་མཐའ་གཅིག་ཏུ་བསྲུང་དགོས། དངུལ་རྩའི་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་། དཔྱད་དཔོག ཉེན་ཟོན་སྔོན་བརྡ། ཐེ་གཏོགས། ཐག་གཅོད་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་གནས་ཀྱི་ཉེན་ཁ་ཐག་གཅོད་བྱེད་པའི་འགན་འཁྲི་དང་། ལས་རིགས་ཀྱི་གཙོ་གཉེར། ལྟ་འདོམས་ཀྱི་འགན་འཁྲི་བཅས་ནན་ཏུ་གཏོང་བ། གཙོ་གནད་ཁེ་ལས་དང་སྲིད་གཞུང་གི་མངོན་མེད་བུ་ལོན་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་ཐག་གཅོད་བྱེད་པར་ཁྲིམས་ལྟར་སྐུལ་འདེད་བརྟན་པོ་བཏང་ནས་དངུལ་རྩའི་འཁོར་རྒྱུག་རྒྱུན་མཐུད་བདེ་འཇགས་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། ས་ཁོངས་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་ས་གནས་ཀྱི་དངུལ་རྩའི་སྒྲིག་གཞི་དང་དངུལ་རྩའི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། འཇོན་ནུས་ཐད་ཉམས་སད་ཐེག་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་པ་བཅས་ཀྱི་ཚད་གཞི་མཐའ་འཁྱོངས་བྱས་ཏེ། “གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད། ཉར་འཇོག”གི་ལས་གྲྭ་ཆེན་པོ་བཞིར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མི་སྣ་འདེམས་སྤྱོད་ཀྱི་མཐོང་རྒྱ་དང་ཐབས་ལམ་རྒྱ་སྐྱེད་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དངུལ་རྩའི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། དངུལ་རྩའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། དངུལ་རྩའི་ཁོངས་གཏོགས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་རང་རྟོགས་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་ཤེས། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་དགོས།