བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཁྲེན་ཡུང་ཆི་ཞུགས་པ།
ཟླ་11ཚེས་6ཉིན་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཟེངས་བསྟོད་ཐོབ་པའི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་ལག་ཁྱེར་གནང་ནས་ཁ་བཏགས་གཡོག་བཞིན་པ།
ཟླ་11ཚེས་6ཉིན་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།
ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
གོང་ཚེས་ཉིན་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་སྔར་བས་ཆེ་བ་འཐོབ་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁྲེན་ཡུང་ཆི་དང་། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཚོགས་ཆེན་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་གསལ་འགྲེལ་གསར་པ་གནང་བ་ཞིག་དང་འཕེལ་རྒྱས་གསར་པ་ཞིག་ཡིན་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ང་ཚོར་བྱ་སྤྱོད་ཀྱི་རྩ་འཛིན་དང་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཕྱོགས་ཡོངས་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཚུགས་གནས་སྔར་བས་མཐོ་བ་དང་། མཐོང་རྒྱ་སྔར་བས་ཡངས་པ། ནུས་ཤུགས་སྔར་བས་ཆེ་བ་བཅས་ཀྱིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་འཆར་འགོད་དང་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་བསྟན་དོན། སླད་ཕྱིན་གྱི་ལོ་5ནི་མཛེས་སྡུག་ལྡན་པའི་བོད་ལྗོངས་ཕྱོགས་ཡོངས་ནས་སྐྲུན་པའི་དུས་མཚམས་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”ཐུབ་པ་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་དང་གཙོ་གནད་ལས་འགན་ཁོང་དུ་ཆུད་པར་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མགྱོགས་པོ་སྐྲུན་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་གཏོང་སྟངས་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་ས་ཆའི་བར་མཐོངས་འཕེལ་རྒྱས་ཀྱི་བཀོད་པ་རྒྱུན་མཐུད་ལེགས་སུ་གཏོང་བ། ལྗང་མདོག་ཐཱན་ཉུང་ཐོན་ལས་ཀྱི་མ་ལག་མགྱོགས་མྱུར་ཆགས་པ། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་བརྟན་པོ་གཏོང་བ། ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་དང་ཕན་འབྲས་ཆེ་བའི་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་ལག་བསྟར་ཤུགས་ཆེན། ལྗང་མདོག་འཕེལ་རྒྱས་ཀྱི་མཛེས་པ་མངོན་པ་བཅས་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་གཏིང་ཟབ་བརྒྱབ་ནས་ཚན་རིག་དང་མཐུན་ཞིང་གནད་སྨིན་དང་ཁྲིམས་བཞིན་སྦགས་བཙོག་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་ཚད་གཞི་དེ་བས་མཐོ་བའི་སྒོ་ནས་དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་པ་དང་། གཙོ་གནད་ཆུ་བོ་དང་མཚོ་མཚེའུ་སྲུང་སྐྱོང་ཉམས་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ཤུགས་ཆེན་བྱེད་པ། གནས་འཕྲོད་ལས་འཚམ་གྱི་མཛེས་མཐུན་གྲོང་གསེབ་ཀྱི་འདུ་འགོད་ལག་ལེན་བསྟར་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་དགོས། བརྒྱུད་རིམ་ལྡན་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་རི་ཆུ་ནགས་ཞིང་མཚེའུ་བྱེ་འཁྱག་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྤྱི་འདོམས་བྱས་ཏེ་ལྷོ་རི་བྱང་རི་སྔོ་འགྱུར་སོགས་ཀྱི་འདུ་འགོད་གལ་ཆེན་ལག་ལེན་གཏིང་ཟབ་བསྟར་ནས་ཆུ་བོ་དང་། མཚེའུ། ནགས་ཚལ། རྩྭ་ཐང་། འདམ་ར། ཐང་རྒོད་སོགས་སྐྱེ་ཁམས་མ་ལག་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་། བྱང་ཐང་དང་ཇོ་མོ་གླང་མ་སོགས་རྒྱལ་ཁབ་སྤྱི་གླིང་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་རང་བྱུང་སྐྱེ་ཁམས་ཀྱི་མཛེས་ཉམས་སྲུང་སྐྱོང་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་བརྟན་པོར་བཙུགས་ཏེ་ས་ཁོངས་ཧྲིལ་པོའི་འཕེལ་རྒྱས་ལ་གཞི་ཚུགས་ནས་རིག་གནས་ཤུལ་བཞག་གི་ཐོན་ཁུངས་དང་། རང་བྱུང་མཛེས་ལྗོངས། མི་ཆོས་ལོ་རྒྱུས་དང་ཆོས་ལུགས་དམངས་སྲོལ་སོགས་བསྡུ་སྒྲིལ་གང་ལེགས་བྱེད་པ། གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གཅིག་གྱུར་འཆར་འགོད་དང་གཅིག་གྱུར་སྐུལ་འདེད་མཐའ་འཁྱོངས་བྱས་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་ཉི་གཞོན་ཐོན་ལས་དང་ཀ་རྟེན་ཐོན་ལས་སུ་ཧུར་ཐག་གཏོད་པ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་སྣོན་པ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། སྐྱེ་ཁམས་བདེ་འཇགས་སྐྱེ་ཁམས་བཅོས་སྐྱོང་གི་མཐའ་ཚད་ལ་བརྩི་བ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་མ་ལག་དང་ས་ཁོངས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་ཉེན་ཁར་ཁ་གཏད་གཅོག་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁོར་ཡུག་གི་ཉེན་ཁར་རྒྱུན་གཏན་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་རྒྱུན་མཐུད་ཟབ་ཏུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བཅས་བྱས་ནས་སྐྱེ་ཁམས་འཆམ་མཐུན་གྱི་མཛེས་ཉམས་སྲུང་སྐྱོང་བྱེད་དགོས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། འཁྱགས་རོམ་ཐོན་ཁུངས་སྲུང་སྐྱོང་དང་། ཆུའི་སྦགས་བཙོག་འགོག་བཅོས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱ་ཐབས་སོགས་ས་གནས་ཀྱི་ཁྲིམས་འཛུགས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ། སྲིད་ཇུས་ཀྱི་འདེགས་སྐྱོར་དང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཁོར་ཡུག་གི་བློ་རིག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐབས་བཟང་བཅོས་མཁས་ཀྱི་མཛེས་ཉམས་གཏོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་བྱས་ཏེ། ཁྱོན་ཡོངས་ལ་ཁྱབ་པ་དང་། འགན་དབང་གཅིག་མཐུན། བྱ་དགའ་དང་ཆད་གཅོད་ཁ་གསལ། གཅིག་ལ་གཅིག་འབྲེལ་བཅས་ཀྱི་འགན་འཁྲིའི་མ་ལག་ཅིག་ཆགས་པར་བྱས་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་དང་དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱ་མཐའ་འཁྱོངས་བྱས་ནས། ཆབ་སྲིད་ཀྱི་གོ་རྟོགས་མཐོ་བ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། དཔྱད་ཞིབ་ལྟ་སྐུལ་ལ་ཤུགས་སྣོན་དང་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་བཀོད་སྒྲིག་དེ་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བར་བྱས་ནས། ལས་འགན་རེ་རེ་བཞིན་དོན་འཁྱོལ་དང་ལྷུ་ཚིགས་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་འཆར་འགོད་རེ་རེ་བཞིན་མངོན་འགྱུར་ཐུབ་པར་བྱེད་དགོས།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་སྔར་བས་ཆེ་རུ་བཏང་ནས། སྐྱེ་ཁམས་བཅོས་སྐྱོང་ཡག་པོ་བྱེད་པ་དང་། སྐྱེ་ཁམས་དཔལ་འབྱོར་གྱི་འཕེལ་རྒྱས་མགྱོགས་པོ་གཏོང་བ། སྐྱེ་ཁམས་ཁྱིམ་གཞིས་ཀྱི་རྣམ་པ་བཟང་པོ་གཏོད་པ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་བརྟན་དུ་གཏོང་བ། སྐྱེ་ཁམས་རིག་གནས་ཀྱི་རམ་འདེགས་ཡག་པོ་བཅས་བྱས་ཏེ། གངས་ལྗོངས་ས་མཐོར་དགུང་སྔོན་དང་། ས་ལྗང་། ཆུ་དྭངས། ཡུལ་མཛེས་བཅས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཡག་པོ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད།