དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • འབད་འབུངས་ཡར་བརྩོན་བྱེད་པའི་དུས། དངོས་སྒྲུབ་ལག་བསྟར་བྱས་རྗེས་འཇོག

    ​རང་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་གྲུབ་འབྲས“འཛུགས་གཏོད་བཞི”ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་སྒྱུར་བ། (སྨད་ཆ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-07

    དག་ཐེར་ལ་སྣང་ཆེན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་བརྩམས་པ།

    “དེ་སྔོན་རྒན་གསོའི་དངུལ་ལེན་སྐབས་ལོ་ལྟར་གྱི་རྒན་གསོ་འགན་བཅོལ་གྱི་ཐོབ་ཐང་ཁས་ལེན་གྱི་དུས་ཚོད་ཡོལ་དོགས་ཀྱི་སེམས་ཁྲལ་འདུག ད་ཆ་ཁ་པར་ནང་དྲན་སྐུལ་གྱི་འཕྲིན་ཐུང་འབྱོར་གྱི་འདུག་པས་སེམས་ཁྲལ་གཏན་ནས་མི་འདུག”ཅེས་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་གྱི་བགྲེས་སོང་པད་མ་རྡོ་རྗེས་བཤད།

    མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་ཆེད། ལྗོངས་མི་སྤྱི་ཐིང་གིས་འགྲོ་སྐྱོད་ཀྱི་གྲངས་གཞི་དང་སྨན་ཁང་དུ་བསྡད་པའི་མཇུག་རྩིས་གྲངས་གཞི་སོགས་ཀྱི་འགྲོ་འདུག་སྤྱོད་གསུམ་གྱི་ཆ་འཕྲིན་དག་བདེན་མིན་ར་སྤྲོད་ཀྱི་གྲངས་གཞིའི་ཁུངས་སུ་མཉམ་སྤྱོད་བྱས་ནས་གྲངས་གཞི་ཆེན་པོའི“ཚོར་མེད་བདེན་མིན་ར་སྤྲོད”རིམ་བཞིན་མངོན་འགྱུར་ཡོང་བ་བྱས་ཏེ་རྒན་རྒོན་ཚོར“གྲངས་འཛིན་ཁེ་སྤོགས”མཉམ་སྤྱོད་ཐུབ་པར་བྱས་ཡོད།

    གྲུབ་འབྲས་ནི་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་། རང་ལྗོངས་ཀྱིས་དམངས་ཀྱི་དཀའ་གནད་དང་སེམས་ཁྲལ་བསལ་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པའི་གཡུལ་ས་གཙོ་བོར་བརྩིས་པ་དང་། བརྟག་དཔྱད་ཞིབ་འཇུག་དང་། གནད་དོན་ཐག་གཅོད། དངོས་འཛིན་དངོས་སྒྲུབ་བཅས་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ལ་བསྒྱུར་ཏེ། དངོས་དངོས་རྗེན་རྗེན་གྱི་འཕེལ་རྒྱས་ཀྱི་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ཡོད། 

    ལྗོངས་ཏང་ཨུད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས“བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་སྤེལ་རིང་ང་ཚོས་གནད་དོན་ཐག་གཅོད་བྱ་རྒྱུ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་ཞིབ་ལྟ་བྱེད་པའི་ཐབས་ཤེས་ཤིག་ཏུ་བརྩིས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པར་གཞི་ཚུགས་ཏེ། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་སོགས་ཀྱི་བྱ་ཐབས་ལ་ཞིབ་བསྡུར་གྱིས་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་སྔར་བས་མགྱོགས་སུ་གཏོང་དགོས་པ་སོགས་ཀྱི་གནད་དོན་75ལ་ཞིབ་ལྟ་དང་དག་ཐེར་བྱས་ཡོད། དུས་མཚུངས་སུ་དམངས་འཚོར་ཕན་པ་དང་། དམངས་སེམས་དྲོ་བ། དམངས་འདོད་དང་མཐུན་པ་བཅས་ཀྱི་ལས་དོན་ཏན་ཏིག་ཡག་པོ་བསྒྲུབས་ཡོད། ‘དམངས་འཚོའི་འདུ་འགོད་ཆེན་པོ་བཅུ’ལག་ལེན་ཤུགས་ཆེན་བསྟར་ནས་མ་དངུལ་སྒོར་དུང་ཕྱུར་137བཏང་སྟེ་དམངས་འཚོའི་བྱ་བ་དངོས་21ལག་ལེན་བསྟར་བ་དང་། སློབ་སྦྱོང་ལ་ཞུགས་མཁན་ཚན་པས་དམངས་འཚོའི་རྣམ་གྲངས་ཀྱི་གསལ་ཐོ་1332བཟོས་ནས་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་1479བསྒྲུབས་ཡོད”ཅེས་གསར་འགོད་པར་བཤད།

    “ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞིབ་ཕྲའི་ལས་དོན་ཡག་པོ་སྒྲུབ་པ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། འདི་ལོའི་ལོ་སྟོད་དུ་ལྷོ་ཁ་གྲོང་ཁྱེར་གྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་113.68ལེགས་སྒྲུབ་བྱས་པ་དང་། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་28.39ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7784ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24240ཟིན་པ། གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་དུས་མཚུངས་ལས་0.5%འཕར་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་འཕེལ་རྒྱས་བརྟན་པོ་དང་རྒྱུན་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲའེ་ཁུན་གྱིས་བཤད།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཐའ་མའི་དམིགས་ཡུལ་ནི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བར་བྱ་རྒྱུ་དེ་རེད། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། བརྗོད་དོན་གཙོ་བོའི་སློབ་གསོ་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་དབྱིན་ཏེ་ལེང་གིས“རྣམ་གླིང་རྫོང་གིས་བརྟན་ལྷིང་ནི‘རྨང་གཞི’ཡིན་པ་དང་། འཕེལ་རྒྱས་ནི‘འགག་གནད’ཡིན་པ། སྐྱེ་ཁམས‘སྔོན་ལ་འཇོག་པ’ མཐའ་སྟོབས་ནི‘རྩ་བ’ཡིན་པ་བཅས་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཀྱིས‘འཛུགས་གཏོད་བཞིའི’ལས་འགན་དོན་འཁྱོལ་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། ད་ཆ་རྫོང་ཡོངས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་གང་ལེགས་བསྒྱུར་ནས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཏེ་ཏང་དང་སྲིད་གཞུང་གི་བཀའ་དྲིན་སེམས་གཏིང་ལ་འཆང་བཞིན་ཡོད། མི་ཚང་མས་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་འདུ་ཤེས་སེམས་སུ་བརྟན་པོར་ཟུག་པར་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་བཤད།

    ཤེས་སྦྱོར་གཅིག་མཐུན་གྱིས་དམིགས་ཡུལ་དོན་འཁྱོལ་ལ་བརྟེན་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་བྱས་རྗེས་གསར་པ་བཞག་པ།

    མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སྤེལ་བ་དང་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ་དེ་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་སྲ་བརྟན་དུ་གཏོང་བ་དང་འབྲེལ་བ་ཡོད་ལ། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་དང་འབྲེལ་བ་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་འགོ་ཚུགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གནད་དོན་གྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བཅས་བྱས་ནས། འཛེམ་མེད་དམར་འདོན་ངང་ལས་འགན་ཁག་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་དང་། “གནད་དོན་གྱི་གསལ་ཐོ”རེ་རེ“གྲུབ་འབྲས་ཀྱི་གསལ་ཐོར”བསྒྱུར་ཏེ་རྣམ་པ་གསར་པ་དང་བྱས་རྗེས་གསར་པར་བརྟེན་ནས་མཐའ་སྟོབས་མཐའ་དར་དང་དམངས་ཕྱུག་གི་ལས་དོན་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་ཐོབ་ཡོད།

    ཧི་མ་ལ་ཡའི་ལྷོ་ངོས་རི་གྲོང་དབུས་སུ་གནས་པའི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྩ་རི་ཤང་ལྷོ་བ་གྲོང་གསར་ནི་མཐའ་མཚམས་ཀྱི་འཐབ་ས་དང་པོར་གནས་ཡོད། མང་ཚོགས་384ཡིས་དེ་གར་གཞིས་ཆགས་ནས་འཕེལ་རྒྱས་དོན་གཉེར་དང་། ནགས་རི་སྲུང་སྐྱོང་། མཐའ་མཚམས་སྲུང་སྐྱོང་བཅས་བྱས་ཏེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་རང་ཉིད་ལ་དབང་བའི་བདེ་སྐྱིད་ཀྱི་ལམ་བུ་ཞིག་གཏོད་བཞིན་ཡོད།

    “དམངས་ཕྱུག་འབབ་འཕར་ནི་འཕེལ་རྒྱས་ཀྱི་གོམ་སྟབས་དང་པོ་ཡིན་པ་དང་། བསམ་བློའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་བས་གལ་ཆེ་་བ་ཡོད”ཅེས་ལྷོ་བ་གྲོང་གསར་ཏང་ཀྲི་པུའི་ཧྲུའུ་ཅི་ཚུའེ་ཁྲེང་གིས་བཤད་པ་དང་། ད་དུང་ཁོང་གིས“ང་ཚོས་རྒྱུན་དུ་ནས་སློབ་སྦྱོང་དང་། སློབ་གསོ། ལག་ལེན་བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་ཚོགས་འདུ་འཚོགས་ཏེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློར་དྲག་ཆས་སྤྲོས་པ་དང་། ‘བོད་གསར་རྙིང་བསྡུར་བའི’སྤེལ་རེས་བྱེད་སྒོ་སྤེལ་ནས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་གོང་བུ་གཅིག་ཏུ་བསྒྲིལ་ཏེ་མཐའ་སྲུང་མཐའ་དར་གྱི‘བསམ་བློའི་ལྕགས་རི་རིང་པོ’དངོས་འབྲེལ་བརྟན་དུ་བཏང་ཡོད”ཅེས་བཤད།

    མཐའ་བརྟན་མཐའ་དར་དང་དམངས་ཕྱུག་ནི་བོད་ཀྱིས་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་དམིགས་ཚད་ཡིན་པ་མ་ཟད། མཐའ་མཚམས་ཀྱི་འཐབ་ས་དང་པོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་སྒུག་དང་དངོས་འབྲེལ་དྲང་འབྲེལ་གྱི་བྱ་སྤྱོད་ཅིག་དེ་བས་རེད། དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པ་ལྟར་གྱི་ལྷོ་བ་གྲོང་གསར་ནི་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་འོག རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་ཧུར་ཐག་བསྒྱུར་ནས། མཐའ་བརྟན་མཐའ་སྲུང་གི་དགོས་མཁོ་ཆེན་པོ་དང་མཐའ་མཚམས་མི་སེར་གྱི་རེ་སྒུག་ཆེན་པོ་ཐག་གཅོད་བྱས་ཏེ། མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་། འཚོ་བ་འབྱོར་ཕྱུག རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རྒྱུན་ལས་རྫོང་དཔོན་གཞོན་པ་ཡེ་ཧྲུའེ་ཅན་གྱིས“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་དུང་བརྡ་ཕྱོགས་ཡོངས་ནས་བསྒྲགས་པའི་དུས་འདིར། མེ་ཏོག་རྫོང་གིས་མཐའ་མཚམས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དམངས་སྲོལ་གནས་ཚང་གི་ཉམས་འགྱུར་གསར་པ་གཏོད་པ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་བསྣན་ནས། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སྤེལ་ཡོད”ཅེས་ངོ་སྤྲོད་བྱས།

    ཡེ་ཧྲུའེ་ཅན་གྱིས“མེ་ཏོག་རྫོང་གིས་ཁྲི་སྟོང་འདུ་འགོད་ཀྱི་ལས་དོན་གྱི་ཉམས་མྱོང་སློབ་སྦྱོང་གང་ལེགས་བྱས་ནས། ཀེ་ལིན་གྱི་རྣམ་པ་དང་པཱ་ཏེང་གི་རྣམ་པ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། ཆུ་ཚན་ཡོད་པའི་དམངས་སྲོལ་གནས་ཚང་དང་ཡུན་ཧའེ་དམངས་སྲོལ་གནས་ཚང་སོགས་མོན་པ་ལྷོ་པའི་ཁྱད་ཆོས་ལྡན་པའི་དམངས་སྲོལ་གནས་ཚང་29བསྐྲུན་ཡོད། འདི་ལོ་བར་ཁྱིམ་ཚང་མགྲོན་ཁང་གི་ཡོང་འབབ་སྒོར་ཁྲི་216ལྷག་ཙམ་ཟིན་ནས་ཞིང་ལས་དང་ཁྱད་ལྡན་ཐོན་རྫས་བྲིན་ཚོང་གི་ཡོང་འབབ་སྒོར་ཁྲི་378ལྷག་ཙམ་ཟིན་པར་སྐུལ་ཁྲིད་ཐུབ་ཡོད”ཅེས་བཤད།

    འབད་འབུངས་ཡར་བརྩོན་གྱི་ལོ་ཟླར་ལོ་རྒྱུས་ཀྱི་རི་མོ་བཀོད། དཀའ་སྤྱད་འབད་འཐབ་ལམ་དུ་དུས་རབས་ཀྱི་ལེའུ་གསར་རྩོམ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་རང་ལྗོངས་ཀྱིས་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་སྟེ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་སྤྲོ་སེམས་དེ“འཛུགས་གཏོད་བཞི”ཡག་པོ་བསྒྲུབ་པའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱས་ཏེ། དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་པ་དང་། བསམ་ཕྱོགས་གསལ་བཟོ་དང་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་སྤྱོད་ཚུལ་དང་ངར་ཤུགས་ལ་བརྟེན་ནས། “འཛུགས་གཏོད་བཞི”སྔར་བས་གཏིང་ཟབ་དང་། ཞིབ་ཕྲ། ཏན་ཏིག་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།