དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པའི་ཚོགས་ཆེན་ལ་ནན་བཤད་གནང་དོན།

    ལྟེ་བའི་གྲོང་ཁྱེར་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་གང་ལེགས་བཏོན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་སྐྱོད་དམག་ཡག་པོ་ཞིག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-11-06

    ཟླ་11ཚེས་3ཉིན་གྱི་སྔ་དྲོར། ལྷ་ས་གྲོང་ཁྱེར་གྱིས་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་ལྷ་ས་གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྟེ་བའི་གྲོང་ཁྱེར་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་གང་ལེགས་འདོན་པ་དང་ལྷ་སའི་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་བཏོད་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་སྐྱོད་དམག་ཡག་པོ་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཤའོ་ཡིའུ་ཚའེ་ཡིས་ལྷ་ས་གྲོང་ཨུད་ཀྱི་ཨུ་ཡོན་དང་། རྒྱུན་ཨུ། ཧྲུའུ་ཅི་བཅས་གཅིག་ལྕོགས་གནང་བའི་གཏན་འབེབས་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ཁྱབ་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ད་ཐེངས་ལྷ་ས་གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོ་ལེགས་སྒྲིག་བྱས་པ་དེ་ནི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་ཁྱོན་ཡོངས་ལ་བསམ་གཞིག་དང་། གྲ་སྒྲིག་གང་ལེགས། ཞིབ་འཇུག་ཟབ་མོས་གཏན་འཁེལ་བཅས་གནང་བ་ཞིག་རེད། བློ་མཐུན་ཕུར་བུ་དོན་གྲུབ་ཀྱིས་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་རིང་གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། རིམས་ནད་ཀྱི་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་འབྱུང་འགྱུར་གྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    བློ་མཐུན་ཤའོ་ཡིའུ་ཚའེ་ནི་ཏང་གིས་གསོ་སྐྱོང་གནང་བའི་ཕུལ་བྱུང་གི་ལས་བྱེད་པ་ཞིག་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བློ་མཐུན་ཤའོ་ཡིའུ་ཚའེ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་གཅིག་ལྕོགས་འཁུར་དུ་བཅུག་པ་ནི་འོས་ཤིང་འཚམ་པ་དང་། བློ་མཐུན་ཤའོ་ཡིའུ་ཚའེ་ཡིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་ཕུལ་བྱུང་གི་སྤྱོད་ཚུལ་དར་སྤེལ་གཏོང་བ། རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་རང་རྟོགས་ངང་མཐུན་སྒྲིལ་བརྟན་ལྷིང་དང་ཞི་མཐུན་གྱི་རྣམ་པ་བཟང་པོ་སྲུང་སྐྱོང་བཅས་བྱས་ཏེ། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ཟམ་མི་ཆད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན་པའི་ཡིད་ཆེས་ཡོད།

    ཝང་ཅུན་ཀྲེང་གིས་བླང་བྱ་བཏོན་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་རྟོགས་ངང་ལྷ་སའི་ལས་དོན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདོང་མཆོང་དམག་མུ་མཐུད་ཡག་པོ་བྱེད་དགོས། ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། བྱེད་ནུས་དང་ངེས་གནས་ཡང་དག་འཚོལ་བ། གདོང་ལེན་པ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། དགོངས་སྐོར་སྙན་སེང་ཞུ་བར་ཤུགས་སྣོན་རྒྱག་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བཅས་བྱེད་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། “ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་ཀྱིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། རིག་གནས་ཀྱི་འདུ་ཤེས་ཟབ་མོར་བརྟེན་ནས་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་དོ་དམ་ལ་མཛུབ་ཁྲིད་མཐའ་འཁྱོངས་ཀྱིས་ཞི་མཐུན་སྡོད་མལ་ལ་འཚམ་པ་དང་། གསོན་ཤུགས་ཀྱིས་ཕྱུག་པ། ཁྱད་ཆོས་མངོན་གསལ་དོད་པ། ནང་དོན་ཟབ་མོ་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་ལྷ་ས་བསྐྲུན་གང་ཐུབ་ཀྱིས་ལྷ་ས་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་དུ་དངོས་འབྲེལ་སྐྲུན་པ། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོ་ལེགས་སུ་ཏན་ཏིག་གཏོང་བ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། ཕན་འབྲས་དངོས་ཐོན་པའི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ཚན་རིག་དང་མཐུན་པའི་ངང་ལག་ལེན་བསྟར་བ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་བཏང་སྟེ་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གཉིས་བཀུར་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས།

    ཤའོ་ཡིའུ་ཚའེ་ཡིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་སྐབས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་ནས་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལྷ་སའི་ལས་དོན་ཁག་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་གཏོང་བ་དང་ལྟེ་བའི་གྲོང་ཁྱེར་གྱི་མིག་དཔེ་ཡག་པོ་འདོན་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།