དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།

    ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལུའོ་ཅུན་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-01

    ལེ་ཚན་བཏོད་པའི་གཏམ།

    དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས”པའི་ལེ་ཚན་བཏོད་དེ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མར་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་བར་བྱེད་པ་དང་། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་ལས་དོན་ཞིབ་ཚགས་དང་ཏན་ཏིག་སྒྲུབ་པ། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་ལས་ཀའི་བསམ་ཕྱོགས་དང་། བྱེད་ཐབས་ཞིབ་ཕྲ། བྱ་སྤྱོད་དངོས་བཅས་སུ་ཏན་ཏིག་བསྒྱུར་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་སྐྲུན་པའི་འབད་འཐབ་དང་ལག་ལེན་སྟར་རིང་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་ཀྱི་ཡིན།

    “ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་ལག་ལེན་ལས་བྱུང་ལ་གསར་གཏོད་ལ་རག་ལུས་པ་དང་། གང་དེའི་ནང་དོན་ཕུན་སུམ་ཚོགས་ལ་རྒྱ་ཆེ་གཏིང་ཟབ་པ། དོན་སྙིང་གལ་ཆེན་ལྡན་ལ་ཤུགས་རྐྱེན་གཏིང་ཟབ་པ་བཅས་ཡོད” ཉེ་ཆར་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལུའོ་ཅུན་གྱིས་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།

    ལུའོ་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དམིགས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་པ་སྟེ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་འབྲེལ། དེ་ཉིད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི“གདེང་ཚོད་བཞིའི”ནང་བཅུག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་མཐའ་འཁྱོངས་བྱེད་པ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཇུས་གཞི་ཆེན་པོར་བཅུག་པ། དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་དམིགས་ཏེ་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་བྱེད་པའི་ལས་འགན་ཁ་གསལ་བཟོས་པ། “ཟུང་འབྲེལ་གཉིས”དང་ལྷག་པར་དུ“ཟུང་འབྲེལ་གཉིས་པ”ཡི་ཆོད་གཏམ་གལ་ཆེན་བཏོན་ཡོད། ནང་དོན་གལ་ཆེན་འདི་དག་ནི་དུས་རབས་གསར་པར་ཏང་གིས་རིག་གནས་དར་སྤེལ་གྱི་ལག་ལེན་ལ་འགོ་ཁྲིད་པའི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པས་མར་ཁེ་སི་རིང་ལུགས་ཀྱི་རིག་གནས་ཀྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་ཕྱིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིག་གནས་ལེ་ཚན་གྲུབ་པ། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་གྲུབ་ཡོད་ཅེས་བཤད།

    ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཐད་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་དང་རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་མཛུབ་ཁྲིད་དུ་བྱས་ཏེ། བོད་ཀྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ལུའོ་ཅུན་གྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་2035ལོར་སླེབས་སྐབས་རིག་གནས་རྒྱལ་ཁབ་སྟོབས་ཆེན་དང་རྒྱལ་ཁབ་ཀྱི་རིག་གནས་ཀྱི་འཇམ་ཤུགས་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུའི་དམིགས་ཚད་ལས་འགན་བཏོན་པ་དང་། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པས་དུས་རབས་གསར་པའི་རིག་གནས་འཛུགས་སྐྱོང་གི་ཁ་ཕྱོགས་ཀྱི་རང་བཞིན་དང་། སྤྱི་ཡོངས་ཀྱི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བརྒྱབ་པ་དང་དེར་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཤུགས་ཆེན་ལྡན་པས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་བརྩི་སྲུང་ཞུ་ཡུལ་མཁོ་འདོན་བྱས་ཡོད། ང་ཚོས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།

    “ཞིབ་ཕྲ་བརྗོད་ན། གཅིག་ནས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་དགོས། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། དགོངས་པ་གལ་ཆེན་དེའི་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་བྱས་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ངང་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་པ་བརྒྱུད། ‘གཏན་འཁེལ་གཉིས’ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་དེ་བས་གོ་བ་གཏིང་ཟབ་ལེན་པ་དང‘འདུ་ཤེས་བཞི’ཟབ་ཏུ་གཏོང་བ། ‘གདེང་ཚོད་བཞི’བརྟན་དུ་གཏོང་བ། ‘སྲུང་སྐྱོང་གཉིས’ཐུབ་པ་བཅས་བྱས་ཏེ་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་ལག་ལེན་ཁྲོད་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་དགོས་པ་དང་། གཉིས་ནས་ཞིབ་འཇུག་དང་འཆད་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྔ་བལྟས་ཕྱི་བསམ་གྱི་བསམ་གཞིག་དང་སྤྱི་ཡོངས་རང་བཞིན་གྱི་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ་མར་ཁེ་སི་རིང་ལུགས་ཀྱི་བླ་སྲོག་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་རྩ་བར་ཞིབ་འཇུག་བྱེད་པའི་རྨང་གཞིའི་ཐོག་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅན་དང་རིག་གཞུང་ཅན་གྱི་ཞིབ་འཇུག་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་དང་། འཕེལ་རིམ། ནང་གནས་ཀྱི་གཏན་ཚིགས་བཅས་ལ་འཆད་འགྲེལ་གཏིང་ཟབ་བརྒྱབ་སྟེ་དེའི་ཚན་རིག་གི་ནང་དོན་དང་བསམ་པའི་ངོ་བོ་ཁོང་དུ་ཡང་དག་ཆུད་པར་བྱ་ཆེད་རིག་གཞུང་གི་འདེགས་སྐྱོར་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལྗོངས་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་དུ་དེ་བས་ལེགས་པོས་སྒྱུར་དགོས་པ། གསུམ་ནས་ལས་དོན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོན་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་དམིགས་ཏེ་རིག་གནས་ཀྱི་ལས་འགན་གསར་པ་དེ་བས་ཡག་པོ་འཁུར་བ་དང་། ‘ཤུགས་རྒྱག་དགོས་པ་བདུན’གྱི་ལས་ཀའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། ནུས་པ་དང་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྤུས་ཚད་དང་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་བསམ་བློའི་འགན་ལེན་བརྟན་པོ་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། རིག་གནས་ཀྱི་ཆ་རྐྱེན་བཟང་པོ་བཅས་མཁོ་འདོན་བྱེད་དགོས”ཞེས་ལུའོ་ཅུན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།