དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལིའུ་ཅང་གིས་དུས་བདེ་གཏོད་པའི་དཔྱད་བསྡུར་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-11-01

    ཚེས་30ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་དུས་བདེ་གཏོད་པའི་དཔྱད་བསྡུར་བཀོད་སྒྲིག་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་མ་ཟད། ཀྲུང་དབྱང་གི་དཔྱད་བསྡུར་ལས་དོན་བསུ་བའི་ཐད་བཀོད་སྒྲིག་ཀྱང་གནང་བ་རེད།

    ལིའུ་ཅང་གིས་བསྟན་དོན། དུས་བདེ་གཏོད་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་བདེའི་བོད་ལྗོངས་གཏོད་པར་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་སྐུ་ངོ་མས་ཇུས་འགོད་དང་བཀོད་སྒྲིག་སྐུལ་འདེད་བཏང་ནས“ཤུགས་སྣོན་བརྒྱད”སོགས་ཀྱི་མཛུབ་སྟོན་བླང་བྱ་རབ་དང་རིམ་པ་བཏོན་ནས་དུས་བདེའི་བོད་ལྗོངས་གཏོད་པར་སྐུལ་འདེད་བཏང་བར་གྲུབ་འབྲས་གསར་པ་ཐོབ་པ་དང་། 2022ལོར་རང་ལྗོངས་ཀྱི་མང་ཚོགས་ཀྱི་བདེ་སྣང་99.46%ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ཐུབ་པའི་ཆབ་སྲིད་ཀྱི་ལྷག་བསམ་དང་། ཚད་མཐོའི་འགན་འཁུར་གྱི་སྙིང་སྟོབས་དང་མཐའ་མའི་གདོང་མཆོང་གི་གནས་སྟངས་ལ་བརྟེན་ནས་དཔྱད་བསྡུར་བསུ་བའི་ལས་དོན་ཁག་ཡག་པོ་ཏན་ཏིག་བསྒྲུབས་ཏེ་དཔྱད་བསྡུར་གྱི་གྲུབ་འབྲས་ཡག་པོ་འགན་ལེན་བྱས་ནས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆུ་ཚད་སྔར་བས་མཐོ་བའི་དུས་བདེའི་བོད་ལྗོངས་གཏོད་པར་སྐུལ་སྤེལ་ཏན་ཏིག་གཏོང་བར་ལྕག་སྐུལ་བྱེད་དགོས།

    ལིའུ་ཅང་གིས། དུས་བདེའི་ཀྲུང་གོ་འཛུགས་སྐྱོང་གི་དཔྱད་བསྡུར་ནི་རང་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་ཐད་ཀྱི་ཕྱོགས་ཡོངས་ཀྱི་ཞིབ་བཤེར་ཐེངས་ཤིག་ཡིན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དཔྱད་བསྡུར་གྱི་ཞིབ་སྲོལ་སློབ་སྦྱོང་ནན་ཏན་བྱས་ནས་ཀྲུང་དབྱང་གི་དགོངས་དོན་ཁོང་དུ་ཆུད་པར་བྱས་ཏེ་ཀྲུང་དབྱང་གི་དཔྱད་བསྡུར་ནང་དོན་དང་དཔྱད་བསྡུར་དམིགས་ཚད་ཁོང་དུ་འཕྱུགས་མེད་ཆུད་པར་བྱེད་དགོས། ཡང་དག་པའི་ལས་ཀའི་སྟོན་ཕྱོགས་དང་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཆགས་པར་བྱས་ནས་དུས་བདེ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་དགོས། དམིགས་ཚད་ལ་གཞིགས་ཏེ་དཔྱད་བསྡུར་གྱི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། ཀྲུང་དབྱང་གི་དཔྱད་ཞིབ་དམིགས་ཚད་དང་ཡང་ཡང་བསྡུར་བ། མགྱོགས་མྱུར་རང་བཤེར་བྱས་ཏེ་ཁྱོན་ཡོངས་ནས་ཚང་བཤེར་ཆད་གསབ་བྱེད་དགོས། དག་ཐེར་ལེགས་གཏོང་ལ་དམ་འཛིན་ཡག་པོ་བྱས་ནས་རྩིས་ཁྲ་བཟོ་བ་དང་། ལས་ཡུན་ལྡོག་སྒྲིག ལས་རིམ་གསལ་འགོད་བཅས་བྱས་ཏེ་ཞན་ཆ་སེལ་དགོས། སྙན་སེང་འབྲེལ་མཐུད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་ལྗོངས་ཀྱི་ཐུན་མིན་ཉམས་མྱོང་དང་། ནུས་ལྡན་གྱི་བྱེད་ཐབས་དང་གྲུབ་འབྲས་བཅས་ཕྱོགས་སྡོམ་དང་སྙན་སེང་ཡག་པོ་ཞུས་ནས་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་ཀྱིས་རང་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་གི་ལས་དོན་ལ་ཁྱོན་ཡོངས་ནས་ཤེས་རྟོགས་ཐུབ་པར་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། མཉམ་ལས་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་སྒྲིག་ལམ་ནན་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། མི་བདེན་རྫུན་སྒྲིག་གཏན་འགོག་བཅས་བྱས་ཏེ་སྤྱོད་ཚུལ་བཟང་པོ་དང་ལས་སྒྲུབ་ཏན་ཏིག་ལ་བརྟེན་ནས་རྒྱུགས་ལན་ཡག་པོ་ཞིག་འདེབས་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།