དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>རེན་ཝེ།
  • རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ལ་ཆེད་དོན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པའི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-31

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལྗོངས་ཡོངས་ཀྱི་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ལ་ཆེད་དོན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཀྱི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་ནས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱས་ནས་ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ལ་ཆེད་དོན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་ཀྱི་ལས་དོན་བཀོད་སྒྲིག་དང་། 2023ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་གྱི་དཔྱད་ཞིབ་སྐོར་ཞིབ་དང་ཞིབ་བཤེར་བསུ་བ་དང་དེ་བཞིན་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་ཟོན་སོགས་ཀྱི་ལས་འགན་བཀོད་སྒྲིག་གནང་བ་རེད།

    རེན་ཝེ་ཡིས་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་གིས་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ཁུལ། གཙོ་གནད་ལས་འགན་བཅས་ལ་དམ་པོར་དམིགས་ཏེ། གནད་སྨིན་ཁྲིམས་སྒྱུར་དང་། མངོན་མེད་རྐྱེན་ངན་དག་ཐེར། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་ཀྱི་ཐད་ཤུགས་སྣོན་བརྒྱབ་ནས་བཙལ་འཚོལ་ཐུབ་པའི་ཐུན་མོང་རང་བཞིན་གྱི་གནད་དོན་དང་ཉེན་ཁའི་མངོན་མེད་རྐྱེན་ངན་མངོན་གསལ་དོད་པོར་དམིགས་ཏེ་གཅིག་སྡུད་འགག་སྒྲོལ་དང་ནུས་ཤུགས་ཡོད་རྒུས་བཅོས་སྒྲིག་བྱས་ནས་སྤུས་ཚད་མཐོ་པོས་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས་པ་དང་། དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་དཔྱད་ཞིབ་སྐོར་ཞིབ་ཀྱི་གཙོ་གནད་ཁོང་དུ་ཆུད་པར་བྱས་ཏེ་ཚང་བཤེར་ཆད་གསབ་དང་ཞན་ཆ་བསལ་ནས་གནད་དོན་ཐད“གཅིག་ཀྱང་མི་ལུས་པ”དང་། དག་ཐེར་ཐད“ཐར་པར་གཏན་ནས་མི་གཏོང་བ” ཐག་གཅོད་ཐད“ཐར་པར་མི་གཏོང་བ”བཅས་བྱས་ཏེ་དཔྱད་ཞིབ་བྱེད་རིང་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་དགོས་པ། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་ཀྱིས་གནོད་འཚེའི་ཉེན་ཁ་སྣ་ཚོགས་ལ་གནད་སྨིན་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡ་དང་ལས་ཀའི་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། ལས་དོན་གྱི་བྱེད་ཐབས་ཞིབ་ཕྲ་དང་ཏན་ཏིག་བཟོ་བ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་། གནོད་འཚེ་བཀག་འགོག་དང་ཉུང་དུ་གཏོང་བ། གེགས་སེལ་སོགས་ཀྱི་ལས་དོན་ཁག་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་པོའི་ངང་ལེགས་སུ་འགྲོ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།