ལིའུ་ཅང་གིས་དགའ་ལྡན་དགོན་དུ་བརྟག་ཞིབ་གནང་བ།
ཚེས་27ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་དགའ་ལྡན་དགོན་དུ་ཕེབས་ནས“འདུ་ཤེས་གསུམ”གྱི་སློབ་གསོ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ། རིག་དངོས་སྲུང་སྐྱོང་ལ་ཤུགས་སྣོན་སོགས་ཀྱི་ལས་དོན་ལ་དམིགས་ནས་བརྟག་ཞིབ་གནང་ཞིང་། ཁོང་གིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡུས་ཡུན་ཀུའེ་ལྷན་དུ་བརྟག་ཞིབ་ལ་ཞུགས་པ་རེད། ལིའུ་ཅང་དང་ཐོག་དགའ་ལྡན་དགོན་དོ་དམ་ཨུ་ལྷན་དུ་ཕེབས་ནས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པར་འཚམས་འདྲི་གནང་སྟེ། ཁོང་ཚོའི་རྒྱུན་གཏན་གྱི་སློབ་སྦྱོང་དང་། འཚོ་བ། ལས་ཀ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཚང་མར་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་གི་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཆོས་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱས་ནས་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་སྐུལ་ལྕག་ཡང་གནང་བ་རེད།
དགའ་ལྡན་དགོན་མངགས་གཏོང་ཁང་གི་ཟ་ཁང་དུ་གུང་ཟས་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ལིའུ་ཅང་ཟ་ཁང་དུ་ཕེབས་སྐབས་ཚལ་རིགས་ཕུན་སུམ་ཚོགས་ལ་འཚོ་བཅུད་ལྡན་པ་གཟིགས་སྐབས་ཁོང་དགྱེས་ཚོར་ཆེན་པོ་བྱུང་ནས་ལས་དོན་པར་གཙང་སྦྲར་དོ་སྣང་བྱས་ནས་བློ་མཐུན་ཚོ་ཟས་ཞིམ་པོ་ཟ་ཐུབ་པ་དང་བློ་བདེ་པོའི་ངང་ལས་ཀ་བྱེད་ཐུབ་པ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།
ལིའུ་ཅང་གིས་ཕེབས་ཞོར་གཟིགས་ཞོར་དུ་དགེ་འདུན་པ་ཚོའི་སློབ་སྦྱོང་དང་། སྒོམ་སྒྲུབ། འཚོ་བའི་གནས་ཚུལ། རིག་དངོས་སྲུང་སྐྱོང་། མེ་ཟོན་བདེ་འཇགས་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། བརྟག་ཞིབ་གནང་རིང་། ལིའུ་ཅང་གིས་ནན་བཤད་གནང་དོན། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་ཚེ་གཞི་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་ཐུབ། རིམ་ཁག་དགོན་སྡེ་དོ་དམ་ཨུ་ལྷན་དང་རྒྱ་ཆེའི་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགོན་སྡེར་བཅའ་སྡོད་མི་དམངས་ཉེན་རྟོག་པས“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང“མོས་སེམས་ལྔ”གཙོ་བོར་འཛིན་ཏེ་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་གསོར་ཤུགས་སྣོན་བརྒྱབ་ནས། རྒྱ་ཆེའི་གྲྭ་བཙུན་རྣམས་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བཀུར་ཁྲིམས་སྲུང་གི་གྲྭ་བཙུན་ཡག་པོ་ཞིག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དགའ་ལྡན་དགོན་གྱིས་སྣེ་ཁྲིད་དེ་འདུལ་ཁྲིམས་དང་བསྟན་དོན་ལ་དེང་རབས་ཀྱི་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་བླང་བྱ་དང་འཚམ་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་འཚམ་པའི་འཆད་འགྲེལ་བྱེད་དགོས། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། རྩ་དོན་མཐའ་འཁྱོངས། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བཅས་བྱས་ནས་རྒྱ་ཆེའི་གྲྭ་བཙུན་རྣམས་ལ་དད་སྦྱོར་ཡང་དག་སྤེལ་རྒྱུའི་ཁྲིད་སྟོན་བྱས་ཏེ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཧུར་ཐག་བྱེད་དགོས། དགོན་སྡེའི་རིག་དངོས་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་ལ་གཅིག་སྡུད་གཅིག་གྱུར་གྱིས་དོ་དམ་བྱེད་པ་དང་ཆབས་ཅིག་རིག་དངོས་ལ་བརྟེན་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས། དད་ལྡན་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱེད་དགོས། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། སྤོབས་པ་དོར་ནས་ལས་ཀ་བྱེད་པ། སེམས་གཏིང་ནས་གྲྭ་བཙུན་དང་གྲོགས་པོ་སྒྲིག་པ་དང་གྲོགས་པོ་བཟང་པོ་སྒྲིག་པ། དགོན་སྡེ་དང་གྲྭ་བཙུན་གྱི་དངོས་ཡོད་དཀའ་ངལ་སེལ་རོགས་ཧུར་ཐག་བཅས་བྱས་ནས་ཁོང་ཚོ་བློ་བདེ་པོའི་ངང་སྒོམ་སྒྲུབ་རྒྱག་ཐུབ་པར་བྱེད་དགོས།