ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་27ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁྲིམས་ལུགས་ལས་དོན་ཨུ་ལྷན་སྲིད་འཛིན་བཅའ་ཁྲིམས་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཧའེ་ཐའོ་ཡིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ཆེད་དོན་འཆད་ཁྲིད་གནང་ཞིང་། སྲིད་གཞུང་ཏང་ཙུའི་ཚན་ཁག་གི་ཁོངས་མི་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས་པ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་བཟོས་ནས་བཏོན་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་གཞི་རྩ་སྲ་བརྟན་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།ཆབ་སྲིད་ཀྱི་ཚུགས་གནས་མཐོར་གཏོང་དང་ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་ལ་དམིགས་པ་དང་། ཁྲིམས་སྐྱོང་གི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་འཕྲད་པའི་དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་གཞི་ཚུགས་པ། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་དང་མང་གཏོང་བཅས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ཆུ་ཚད་མཐོན་པོས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་དང་སྐུལ་འདེད་བཏང་ནས་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་བདེ་རྩར་སྲུང་སྐྱོང་ཡག་པོ་བྱེད་དགོས་པ། རང་ངོས་ཀྱི་འཛུགས་སྐྱོང་གཙོ་བོར་འཛིན་པ་དང་། ཁྲིམས་སྐྱོང་གི་ནུས་པ་ཆེར་གཏོང་། མཐའ་ཚད་ཀྱི་བསམ་གཞིག་ནན་གཏོང་། བཅོས་སྐྱོང་གི་ནུས་པ་ཆེར་གཏོང་བཅས་བྱས་ནས་ཕུགས་ཕན་རྒྱུན་རྣམ་གྱི་ཁྲིམས་སྐྱོང་མ་ལག་སྐྲུན་དགོས་པ། སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྲིམས་སྐྱོང་རྣམ་པ་བཏོད་ནས“མི་ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དོ་ཁུར་དང་མི་ཚང་མ་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་ནང་ཞུགས་པའི”རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་གཏོང་དགོས་པ་བཅས་རེད།
ཚོགས་འདུའི་ཐོག་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། ཤིས་ཚིག་གལ་ཆེན། རྟེན་འབྲེལ་འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཡན་ཅིན་ཧའེ་ཡིས། སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ཟབ་སྦྱོང་མཐིལ་རྟོགས་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་དང་། སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད། འདུ་ཤེས་འཛིན་སྟངས་ལ་དམ་འཛིན། སྤྱི་ཚོགས་ཀྱི་བྱ་གཞག་དར་རྒྱས་གཏོང་བ་བཅས་བྱས་ནས་མ་འཇོག་བརྟན་གཏོང་དང་། འཛད་སྤྱོད་ལ་སྐུལ་འདེད། ཐོན་ལས་དར་རྒྱས། སྒུལ་ཤུགས་འཕེལ་བ། སྔོན་དཔག་བརྟན་པོ་ཡོང་བ་བཅས་ལ་ཤུགས་བརྒྱབ་སྟེ་ཕན་འབྲས་དངོས་ཐོན་ཐུབ་པ་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་ཟམ་མི་ཆད་པར་སྤོ་དགོས་པའི་བླང་བྱ་བཏོན་གནང་བ་རེད།