ཝང་ཅུན་ཀྲེང་གིས་བོད་ལྗོངས་མི་རིགས་སློབ་ཆེན་དུ་བརྟག་ཞིབ་གནང་བ།
ཟླ་10ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་མི་རིགས་སློབ་ཆེན་དུ་བརྟག་ཞིབ་གནང་བར་ཕེབས་ནས་རྒྱ་ཆེའི་དགེ་སློབ་དང་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་བཞིན་པ།
ཟླ་10ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་མི་རིགས་སློབ་ཆེན་དུ་བརྟག་ཞིབ་གནང་བར་ཕེབས་ནས་རྒྱ་ཆེའི་དགེ་སློབ་དང་ལས་བཟོ་ཚོར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་སློབ་གྲྭའི་ལོ་རྒྱུས་ཁང་དུ་ཕེབས་ནས་སློབ་གྲྭའི་འཕེལ་རྒྱས་བརྒྱུད་རིམ་དང་སློབ་གཉེར་གྲུབ་འབྲས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།
ཟླ་10ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་མི་རིགས་སློབ་ཆེན་དུ་བརྟག་ཞིབ་གནང་བར་ཕེབས་ནས་རྒྱ་ཆེའི་དགེ་སློབ་དང་ལས་བཟོར་གཟིགས་པ་དང་འཚམས་འདྲི་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཧུར་ཐག་བསྐྲུན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།
བོད་ལྗོངས་མི་རིགས་སློབ་ཆེན་ནི་1958ལོར་བཙུགས་པ་དང་། དེ་ནི་བོད་ཀྱི་མཐོ་རིམ་སློབ་གླིང་དང་པོ་དེ་རེད། ལོ་65ཡི་རིང་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་ཆེད་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་ཡོད། ཝང་ཅུན་ཀྲེང་སློབ་གྲྭའི་ལོ་རྒྱུས་ཁང་དང་། བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་མཐུན་སྦྱོར་གསར་གཏོད་ལྟེ་གནས། གསར་འགྱུར་དང་བརྒྱུད་སྤེལ་སློབ་གླིང་གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སོགས་སུ་ཕེབས་ཏེ་སློབ་གྲྭའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་སློབ་གཉེར་གྱི་གྲུབ་འབྲས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། སློབ་གྲྭས“དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པར་ཐོབ་པའི་ཚན་རིག་ཞིབ་འཇུག་དང་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་ལ་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་ནས་སློབ་གཉེར་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ལས་དོན་སྙན་སེང་གསན་ཞིང་། ཁོང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་65སོང་རིང་ཐོག་མཐའ་བར་གསུམ་དུ་བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་དང་གོམ་སྟབས་གཅིག་གྱུར་བྱས་པས། སློབ་ཁྲིད་དང་ཚན་ཞིབ་ལ་ཕན་འབྲས་གསར་པ་ཐོན་པ་དང་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རྒྱང་ལམ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པར་བོད་ལྗོངས་མི་རིགས་སློབ་ཆེན་གྱིས་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་གི་འགན་འཁྲི་དང་ལས་འགན་གལ་ཆེན་ཕྲག་ཏུ་ཏན་ཏིག་ཁུར་ནས། ལྟེ་བ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རིང་ཐོག་མའི་བསམ་འདུན་དང་ལས་འགན་སྒྲུབ་པ་དང་། ཡང་འབད་བསྐྱར་འབད་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་ཆེད་སྲ་ཞིང་བརྟན་པའི་ཤེས་ལྡན་པའི་འགན་ལེན་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་བྱ་བ་ཐམས་ཅད་དོན་དངོས་དང་བསྟུན་པ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཏན་འཁེལ་གནང་བའི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་ཏེ། སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་དང་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་སུ་རང་རྟོགས་ངང་བཞག་ནས་བསམ་གཞིག་ཞིབ་འཇུག་དང་ཇུས་འགོད་སྐུལ་སྤེལ་གཏོང་དགོས། སློབ་ཁྲིད་ཀྱི་ལས་དོན་སྤེལ་རིང་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ་དང་། ཤེས་སྦྱོར་གཅིག་མཐུན་དང་སྦྱངས་པ་གོ་ཆོད་མཐའ་འཁྱོངས། རྨང་གཞིའི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་བཀོལ་སྤྱོད་ཀྱི་ཐབས་ཇུས་ཞིབ་འཇུག་ཟུང་འབྲེལ་དམ་ཟབ། ཚན་ཞིབ་མཐུན་སྦྱོར་གསར་གཏོད་བཅས་རྒྱལ་ཁབ་དང་ས་ཁོངས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་པར་སྒྱུར་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རིང་དགེ་མཚན་ལྡན་པའི་ནུས་པ་འདོན་གང་ཐུབ་བྱེད་དགོས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་གཞི་ཚུགས་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ། སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ལ་མི་ཇི་འདྲ་ཞིག་མཁོ་ན་མཐོ་སློབ་ཀྱིས་མི་དེ་འདྲ་ཞིག་གསོ་སྐྱོང་ཧུར་ཐག་བྱས་ཏེ་བོད་ལ“བློས་འགེལ་ཆོག་པ་དང་། སྤྱོད་ཐུབ་པ། གཞི་རིམ་དུ་སྐྱོད་ཐུབ་པ། གཞིས་ཆགས་ཐུབ་པ”བཅས་ཀྱི་རིགས་ཁག་གི་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། དགེ་སྤེལ་སྐྱོན་སྤངས་དང་ལེགས་ཆ་བཏོན་ནས། བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་དང་། དཔལ་འབྱོར་འཛུགས་སྐྲུན། སྤྱི་ཚོགས་འཕེལ་རྒྱས་བཅས་ནས་འགོ་བརྩམས་ཏེ། དུས་རབས་འཕེལ་རྒྱས་ཡར་ཐོན་དང་འཚམ་པ་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། རིག་ཚན་གྱི་བཀོད་པ་ལེགས་སུ་གཏོང་བ་བཅས་བྱས་ནས། དངོས་ཡོད་ཀྱི་རྨང་གཞི་དང་། ས་ཁོངས་ཀྱི་ཁྱད་ཆོས། འཕེལ་རྒྱས་ཀྱི་མདུན་ལྗོངས་བཅས་ཀྱི་ལེགས་ཆའི་རིག་ཚན་ཁག་གཅིག་ཧུར་ཐག་བཏོད་དེ། སློབ་གྲྭའི་སྤྱི་ཡོངས་ཀྱི་སློབ་གཉེར་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་ལ་དམ་འཛིན་ནན་པོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་སྔར་བས་ཞིབ་འཇུག་གཏིང་ཟབ། མི་རིགས་ཁག་གི་སློབ་མ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་གཏིང་ཟབ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་ཤུགས་སྣོན། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་བེད་སྤྱོད་ཡག་པོ་དང་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་འཁྲིད་པ། དགེ་སློབ་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་བར་སློབ་གསོ་ཁྲིད་སྟོན་བཅས་བྱེད་དགོས། མི་འབོར་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་དང་། ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན། མི་སེམས་གཅིག་འགྲིལ་ལ་རྒྱུན་མཐུད་ཤུགས་སྣོན། དགེ་མཚན་ལྡན་པའི་མཐུན་རྐྱེན་མཐའ་དག་སྐོང་འཐེན། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ལས་སྒྲུབ་ལས་གཏོད་ཀྱི་སྐྱེ་སྟོབས་འཕེལ་བ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་བླ་སྲོག་མཐོ་སར་བཞག་ནས་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་གནས་བབ་ཨང་དང་པོར་འཇོག་པ་དང་། ཐབས་ལམ་རྒྱ་ཆེར་བཏང་ནས་ཤེས་ལྡན་པ་གསོ་སྐྱོང་། ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཤེས་ལྡན་པ་ནང་འདྲེན། ལས་སྟེགས་བསྐྲུན་ནས་ཤེས་ལྡན་པ་སྤྱོད་པ། ཤེས་ལྡན་པའི་གདེང་འཇོག་མ་ལག་དང་ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ། ཕུལ་བྱུང་ཤེས་ལྡན་པ་གཟེངས་སུ་ཐོན་པའི་རྣམ་པ་བཟང་པོ་ཞིག་ཆགས་གང་ཐུབ་བཅས་བྱས་ནས། དགེ་རྒན་གྱི་ཀུན་སྤྱོད་ལེགས་པ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་མཐུན་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་གཏོང་བའི་གནས་བབ་ཏུ་བཞག་ནས་སློབ་གསོའི་ལས་དོན་ལ་སེམས་ཁུར་མཐོང་ཆེན་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན། ཏང་འཛུགས་སྐྱོང་གི་ལས་དོན་དང་སློབ་ཁྲིད་ཚན་ཞིབ་མཉམ་འདྲེས་གཏིང་ཟབ་ཡོང་བ་བཅས་བྱས་ཏེ། ཕན་ཆེ་མཉམ་སྒུལ་དང་ཐུན་མོང་ཤུགས་རྒྱག་པའི་རྣམ་པ་ཆེན་པོ་ཞིག་གཏོད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་རྒྱུན་བཞིན་བོད་ལྗོངས་མི་རིགས་སློབ་ཆེན་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་སློབ་གྲྭའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆ་རྐྱེན་བཟང་པོ་སྐྲུན་དགོས།