ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
●དཔལ་འབྱོར་ལས་དོན་དང་ཡིག་འབུལ་ཞུ་བཅར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་གལ་ཆེན་དང་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། “ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་བེད་སྤྱོད་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་དཔལ་འབྱོར་ལས་དོན་དང་ཡིག་འབུལ་ཞུ་བཅར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་གལ་ཆེན་དང་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་དང་། “ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་བེད་སྤྱོད་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བ། ཕྱི་ཕྱོགས་ཚོང་དོན་གྱི་གཞི་ཁྱོན་བརྟན་དུ་དང་གྲུབ་ཆ་ལེགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོ་འགན་བཅོལ་སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཉེ་དུས་དཔལ་འབྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་འཐབ་ཇུས་ཀྱི་བསམ་གཞིག་དང་དམིགས་ཚད་ལས་འགན་ཡོད་ལ། ཚན་རིག་དང་མཐུན་པའི་བྱ་ཐབས་དང་ལག་ལེན་གྱི་ཐབས་ལམ་ཡང་ཡོད། ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་དོ་དོ་ནན་ནན་གྱིས་གོ་བ་བླངས་ནས་དུས་དང་རྣམ་པ་ཀུན་ཏུ་ཚད་གཞི་དང་ཡང་ཡང་བསྡུར་བ་དང་དུས་ཐོག་ཏུ་འཛོལ་ཆ་ཡོ་བསྲང་བྱེད་པ་དང་། སེམས་ལ་ཟུག་པ་དང་བྱ་སྤྱོད་མཐོང་ཐུབ་པ་དང་བསམ་བློ་གཏོང་མཁས་པོ་དང་བྱ་སྤྱོད་སྤེལ་མཁས་པོ་བྱེད་པ། ཁྱོན་ཡོངས་ནས་དབྱེ་ཞིབ་དང་། ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན། གནད་དོན་བཙལ་འཚོལ་གཏིང་ཟབ་བྱེད་པ། ལེགས་ཆར་སྦྱོང་བརྡར་དང་། ཞན་ཆ་སེལ་བ། རྨང་གཞི་བརྟན་གཏོང་བཅས་སྔར་བས་བྱས་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཡིག་འབུལ་ཞུ་བཅར་ལས་དོན་ནི་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་། དམངས་སེམས་གཅིག་སྒྲིལ་བཅས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་ལ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་དང་སྲིད་གཞུང་གི་ལས་དོན་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། འབྲེལ་ཡོད་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱར་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དང“ཕུའུ་ཅང་གི་ཉམས་མྱོང”ལག་ལེན་གཏིང་ཟབ་བསྟར་བ་དང་། སྔ་ཙམ་ནས་དམ་འཛིན་དང་ཆུང་ས་ནས་དམ་འཛིན་དང་། གཅིག་སྡུད་ནུས་སྒྲིལ། ཁྲིམས་དང་སྒྲིག་སྲོལ་ལྟར་སྒྲུབ་པ། འགན་འཁྲི་འཁུར་བ་དང་དཀའ་ངལ་ལ་གཏུག་པ་བཅས་མཐའ་འཁྱོངས་བྱས་ནས“སྒོ་རྩར་བསྐྱལ་བའི་མང་ཚོགས་ཀྱི་ལས་དོན”ཡག་པོ་སྒྲུབ་དགོས།
ཚོགས་འདུའི་ཐོག་བསྟན་དོན། “ལས་གྲྭ་ཁྲི་སྟོང”གི་ཕན་འབྲས་མངོན་གསལ་དོད་ལ་ཤུགས་རྐྱེན་ཟབ་པས། གྲོང་གསེབ་དར་རྒྱས་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། གཞི་རྩའི་ངོ་བོར་གོ་བ་ལེན་པ་དང་། དོན་དངོས་དང་ཟུང་འབྲེལ་བྱེད་པ། སྒུལ་ཤུགས་ཆེ་རུ་གཏོང་བ། སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས། དགོས་མཁོའི་སྟོན་ཕྱོགས་དང་གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་དང་། ཡུལ་བབ་དང་བསྟུན་པ་དང་སྤྱོད་གོ་ཆོད་པ་མཐའ་འཁྱོངས་ཀྱིས་ཞིང་འབྲོག་མང་ཚོགས་བློ་ཡིད་ཚིམ་མིན་དང་ཞིང་འབྲོག་མང་ཚོགས་ཀྱིས་ཁས་ལེན་མིན་དེ་ཤན་འབྱེད་ཚད་གཞིར་འཛིན་ཏེ་བྱ་བ་བཟང་པོ་དང་བྱ་བ་དངོས་ཡག་པོ་བསྒྲུབས་ནས། གྲོང་གསེབ་ཀྱི་ས་ཁོངས་ཧྲིལ་པོ་དང་། མི་སྣ་ཡོངས་རྫོགས། ཕྱོགས་ཡོངས་བཅས་དར་རྒྱས་ཡོང་བར་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཚོང་གཉེར་ཁོར་ཡུག་ལ་དེ་བས་ཡག་པ་ཟེར་བ་ལས་ཡག་ཤོས་ཟེར་བ་མེད། ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་ལ་མཐོང་ཆེན། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས། ཁེ་ལས་དང་མང་ཚོགས་དོན་དག་སྒྲུབ་བདེ་རུ་ཟམ་མི་ཆད་པར་གཏོང་བ་དང་། ཁྲིམས་སྐྱོང་གི་ཁོར་ཡུག་དང་དྲང་གཞག་དྲང་བདེན་ལ་འགན་ལེན་ནུས་ལྡན་བྱེད་པའི་ཁྲོམ་རའི་ཁོར་ཡུག་གཏོད་པ། ཚོང་གཉེར་ཁོར་ཡུག“ལེགས་པོར”བརྟེན་ནས་གཉེར་སྐྱོང་བྱེད་པོའི“གསོན་ཤུགས”ལ་སྐུལ་འདེད་གཏོང་བ་དང་། མ་འཇོག་རྣམ་གྲངས“འཕར་རྒྱུར”སྐུལ་ཁྲིད་བྱེད་པ། དཔལ་འབྱོར་འཁོར་རྒྱུག་དང་སྤྱི་ཚོགས་ཁྱོན་ཡོངས“བརྟན་ལྷིང”ལ་འགན་ལེན་བཅས་ལ་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཁ་འབྲལ་ཐབས་མེད། ཡིད་ཆེས་ཆེ་རུ་གཏོང་བ་དང་། ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱ་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། གཅིག་གྱུར་ཁྲོམ་ར་དང་དྲང་གཞག་འགྲན་རྩོད་ལ་འགོག་རྐྱེན་བཟོ་བའི་གཏན་འབེབས་དང་བྱ་ཐབས་སྣ་ཚོགས་མཐའ་གཅིག་ཏུ་གཙང་སེལ་དང་མེད་པར་བཟོས་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ“དོན་དག་ཡོད་ཚེ་ཞབས་འདེགས་ཞུ་བ་དང་དོན་དག་མེད་ཚེ་རྙོག་དྲ་མི་བཟོ་བ”དངོས་འབྲེལ་ཐུབ་པར་བྱེད་པ་དང“སྲིད་གཞུང་གིས་སྒྲུབ་ཕོད་པར”བརྟེན་ནས“ཁེ་ལས་ཀྱིས་སྒྲུབ་ཕོད་པར”གཡས་གཞོགས་གཡོན་འདེགས་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཕྱི་ཕྱོགས་ཚོང་དོན་ནི་བོད་ཀྱིས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”ནང་མཉམ་འདྲེས་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད། བྱེད་པོ་སྐྱེད་སྲིང་དང་། ཁྲོམ་ར་རྒྱ་སྐྱེད། ཁོར་ཡུག་ལེགས་གཏོང་བཅས་ལ་ཤུགས་སྣོན་རྒྱག་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་དམིགས་པ། ཕྱི་ཕྱོགས་ཚོང་དོན་གྱི་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་བྱེད་པ། ཐབས་ལམ་མང་པོར་བརྟེན་ནས་ཁེ་ལས་ལ་ཁྲོམ་ར་གསར་པ་གཏོད་རོགས་དང་མངགས་ཐོ་གསར་པ་འཚོལ་རོགས་བྱེད་པ། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ཞབས་ཞུ་དང་འགན་ལེན་གྱི་ལམ་སྲོལ་འཛུགས་པ་བཅས་བྱས་ནས། ལས་ཕྱོད་དེ་བས་ཆེ་བ་དང་། སྒོ་མོ་དེ་བས་ཡངས་པ། དེ་བས་སྟབས་བདེ་བ་བཅས་ཀྱི་རྒྱལ་སྒྲོལ་ཚོང་གཉེར་ཁོར་ཡུག་གཏོད་དགོས།
ཚོགས་འདུའི་ཐོག་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ལས་དོན་དེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད། གཞི་རྩའི་རྒན་གསོའི་དངུལ་གྱི་སྟབས་བསྟུན་ལེགས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐོབ་ཐང་གི་ཆུ་ཚད་དེ་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རིམ་བཞིན་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། འགན་བཅོལ་ནང་ཞུགས་མཁན་གྲོང་མིར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱས་ནས་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་ཆེ་རུ་གཏོང་དགོས།