ཡན་ཅིན་ཧའེ་ཡིས་དངོས་སྒྲུབ་ལ་སྣང་ཆེན་དང་། དོན་འཁྱོལ་ལ་དམ་འཛིན། ཕན་འབྲས་ཐོན་པ་བཅས་ཀྱི་ཀྲུའུ་ཞིའི་ངོ་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་18ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་དངོས་སྒྲུབ་ལ་སྣང་ཆེན་དང་། དོན་འཁྱོལ་ལ་དམ་འཛིན། ཕན་འབྲས་ཐོན་པ་བཅས་ཀྱི་ཀྲུའུ་ཞིའི་ངོ་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་ནས། འདི་ལོ་ཚུན་གྱི་དཔལ་འབྱོར་ལས་དོན་ལ་གྲངས་བཤེར་དང་མིག་སྔའི་དུས་བབ་ལ་དབྱེ་ཞིབ་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་སྲིད་གཞུང་ཚན་ཁག་གི་ཁོངས་མིས་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་ཚུལ་དང་གོམ་སྟབས་རྗེས་མའི་ལས་ཀའི་འཆར་གཞི་སྙན་སེང་ཞུས་པ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། འདི་ལོ་ནས་བཟུང་རྙོག་འཛིང་ཆེ་བའི་དུས་བབ་དང་། ལས་འགན་ལྕི་བ། དཀའ་ཚེགས་ཆེ་བའི་འགྲན་སློང་བཅས་ཀྱི་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མི་སེམས་སྒྲིལ་བ་དང་། ངར་ཤུགས་སྒྲིམ་པ། དམ་འཛིན་ཐུབ་པ། བཀོད་གཏོང་བརྩོན་ལེན། ལས་དོན་ཏན་ཏིག ཕན་འབྲས་ཡག་པ། རིག་པ་དྭངས་གསལ། གོམ་པ་བརྟན་པ་བཅས་ཀྱི་སྒོ་ནས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་། འགན་འཁྲི་ཁུར་ཕོད་པ་དང་བྱས་རྗེས་འཇོག་མཁས་པ། འགྲན་རྩོད་ནུས་ལྡན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། ཟླ་བ་དང་པོ་ནས་དགུ་པའི་བར་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་དང་རྒྱུན་མཐུད་ངང་བསྐྱར་འཕར་བྱུང་ནས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་རིམ་བཞིན་འཕར་བ་དང་། དུས་ཚིགས་ཚང་མར་མཐོ་རུ་ཕྱིན་ནས་དུས་ཚིགས་རེ་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ཡོད། བོད་ཀྱི་ད་ལྟའི་རྣམ་པ་བཟང་པོ་ནི་དོན་གཉེར་ལས་བྱུང་བ་ཞིག་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། མིག་སྔར་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྔར་བཞིན་སླར་གསོའི་རང་བཞིན་གྱི་འཕར་བའི་དུས་མཚམས་སུ་གནས་པ་དང“རླབས་གཤགས་རྣམ་པའི་འཕེལ་རྒྱས་དང་ཀྱག་ཀྱོག་རྣམ་པའི་མདུན་སྐྱོད”ཀྱི་རྣམ་པར་འགྱུར་ལྡོག་བྱུང་མེད་པ་དང་གྲངས་གཞིའི་རྒྱབ་ཀྱི་གཏིང་ཟབ་པའི་གནད་དོན་དང་དཔལ་འབྱོར་འཁོར་སྐྱོད་ཁྲོད་ཀྱི་མངོན་གསལ་དོད་པའི་ཞན་ཆ་སྔར་བཞིན་གནས་ཡོད། ཁེངས་དྲེགས་ཀྱི་བསམ་ཚུལ་དང་། སྒྱིད་ལུག་གི་བསམ་པ། བྱིས་བློ་ཅན་གྱི་བསམ་ཚུལ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བླང་བྱའི་ཚད་གཞི་དང་ཡང་ཡང་བསྡུར་ནས། གཏན་འཁེལ་བྱས་རིགས་སྒྲུབ་པ་དང་། སྒྲུབ་རིགས་ཡག་པོ་སྒྲུབ་པ། སྒྲུབ་ཚེ་ཡག་པོ་སྒྲུབ་པ་བཅས་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་དང་། ཏན་ཏན་ཏིག་ཏིག འགན་ཐེག་མདུན་སྐྱོད་བཅས་བྱེད་པ། མ་འཇོག་བརྟན་པོ་དང་། འཛད་སྤྱོད་ལ་སྐུལ་འདེད། ཐོན་ལས་དར་རྒྱས། ཁོར་ཡུག་ལེགས་གཏོང་། སྒྱུར་བཅོས་ལ་དམ་འཛིན། དམངས་འཚོར་ཕན་འདོགས་པ། སྐྱེ་ཁམས་སྲུང་སྐྱོང་། མཐའ་མཚམས་སྟོབས་ལྡན། བདེ་འཇགས་སྲུང་སྐྱོང་བཅས་མུ་མཐུད་བྱས་ཏེ། ལོ་འཁོར་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་སྒྲུབ་བྱེད་དགོས།