དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-19

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་བཤམས་སྟོན་ཁང་དང་རིག་ལྡན་ཡུལ་སྐོར་བཀོད་གཏོང་ཁང་དུ་ཕེབས་ཏེ་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་། དྲིལ་བསྒྲགས་འོས་སྦྱོར། འཕེལ་རྒྱས་འགྲོ་ཚུལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་་གནང་བ་དང་ས་གནས་ས་ཐོག་ཏུ་རིག་ལྡན་ཡུལ་སྐོར་བཀོད་གཏོང་ལས་དོན་ལ་ལྟ་སྦྱོང་གནང་བ།

    ● བོད་ཀྱི་ལེགས་ཆར་གཞི་ཚུགས་ནས་གསར་དར་ཐོན་ལས་སྐྱེད་སྲིང་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་དུ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཡུལ་སྐོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་དང་བོད་ཀྱི་ལེགས་ཆར་གཞི་ཚུགས་ནས་གསར་དར་ཐོན་ལས་སྐྱེད་སྲིང་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་བཤམས་སྟོན་ཁང་དང་རིག་ལྡན་ཡུལ་སྐོར་བཀོད་གཏོང་ཁང་དུ་ཕེབས་ཏེ་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་། དྲིལ་བསྒྲགས་འོས་སྦྱོར།འཕེལ་རྒྱས་འགྲོ་ཕྱོགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ས་གནས་ས་ཐོག་ཏུ་རིག་ལྡན་ཡུལ་སྐོར་བཀོད་གཏོང་གི་ལས་དོན་ལ་ལྟ་སྦྱོང་གནང་བ་རེད།

    བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་ད་དུང་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་དོན་གྱི་སྙན་སེང་ཡང་གསན་པ་རེད། ཁོང་གིས་ནན་བཤད་གནང་དོན། བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ལེགས་ཆ་སྒྱུར་བ་དང་རིམ་པ་སྤོར་བའི་དུས་མཚམས་སུ་སླེབས་ཡོད་པས་འཕེལ་ཕྱོགས་ལ་སྟངས་འཛིན་དང་ཞན་ཆ་མཐིལ་རྟོགས་བྱས་ཏེ་གནད་དོན་ལ་ལྟ་སྟངས་ཡང་དག་བཟུང་ནས་དག་ཐེར་ལ་དམ་འཛིན་དང་སྔོན་ཐོན་ལ་ལྟ་བསྡུར་དང་རྩེ་གྲ་བཏོད་དེ་བོད“འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན”ཞིག་ཏུ་མགྱོགས་མྱུར་སྐྲུན་དགོས། སྔོན་ལ་འཆར་འགོད་མཐའ་འཁྱོངས་བྱས་ནས་རིག་གནས་ཡུལ་སྐོར་གྱི་འདུ་ཤེས་བཙུགས་ཏེ་རང་བྱུང་ཐོན་ཁུངས་དང་། ས་བབ་ཀྱི་ལེགས་ཆ། མི་ཆོས་རིག་གནས་ཐོན་ཁུངས། ཐོན་ལས་བཀོད་ཇུས། རྒྱུ་རྐྱེན་གཙོ་བོ་འགན་ལེན་བཅས་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ནས་འགོ་འཛུགས་ས་མཐོ་ལ་ཚད་གཞི་མཐོ་པོས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་ཡག་པོ་བྱས་ཏེ། ཡུལ་སྐོར་ཐོན་ཁུངས་ཀྱི་ཁྱད་པར་རང་བཞིན་དང་དམིགས་བསལ་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ས་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་གཏོད་དགོས་ལ་ས་ཁོངས་ཡུལ་སྐོར་མཉམ་འགུལ་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་དང་རྩེར་སོན་ཡུལ་སྐོར་གྱི་ལམ་ཐིག་མཉམ་དུ་གཏོད་དགོས། འདུ་ཤེས་གསར་སྒྱུར་ཧུར་ཐག་བྱས་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ནི་དཔལ་འབྱོར་དང་། འཕེལ་རྒྱས། སྒོ་དབྱེ། དམངས་འཚོ་བཅས་ལ་དམ་འཛིན་བྱེད་པ་ཞིག་ཡིན་པའི་བསམ་བློའི་འདུ་ཤེས་བརྟན་པོ་བཙུགས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་ནས་ཁྲོམ་རས་གཙོ་ཁྲིད་བྱེད་པ་དང་། སྲིད་འཛིན་དོ་དམ་ནས་ཁྲིམས་ལྟར་དོ་དམ་བྱེད་པ། ལྟ་སྐོར་རྣམ་པའི་ཡུལ་སྐོར་ནས་ཉམས་ལེན་རྣམ་པ་དང་ཕྱོགས་བསྡུས་རྣམ་པའི་ཡུལ་སྐོར། ས་ཚིགས་རྣམ་པའི་ཡུལ་སྐོར་ནས་གླིང་ཁུལ་རྣམ་པའི་ཡུལ་སྐོར། ཡུལ་སྐོར་ཐོན་རྫས་གཉེར་སྐྱོང་ནས་ཡུལ་སྐོར་སྤུས་རྟགས་གཉེར་སྐྱོང་བཅས་ལ་སྒྱུར་བར་སྐུལ་འདེད་ཧུར་ཐག་གཏོང་བའི་ཐད་ཤུགས་བརྒྱབ་སྟེ་ཐོན་ལས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིག་གནས་ཡུལ་སྐོར་ཐོན་ལས་ནི་ཐོན་ལས་གསུམ་པའི་གྲུབ་ཆ་གལ་ཆེན་ཞིག་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པས། ལེགས་ཆར་གཞི་ཚུགས་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆ་དང་འགྲན་རྩོད་ཀྱི་ལེགས་ཆར་དངོས་འབྲེལ་འགྱུར་བར་བྱེད་དགོས། ཕྱི་ཕྱོགས་སྒོ་དབྱེའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་གྱི་ལས་དོན་ཡག་པོ་ཧུར་ཐག་སྒྲུབ་པ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བཅས་བྱས་ནས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ཐོན་ལས་འདེགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། མཁའ་ལམ་ཤར་གཏོང་ཐུབ་པའི་ཡུལ་སྐོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ཡུལ་སྐོར་སྐོར་ལམ་གྱི་འགྲིམ་འགྲུལ་དཀའ་གནད་སེལ་བ། ཟ་སྡོད་སྐྱོད་གསུམ་དང་། ཡུལ་སྐོར། ཟོག་ཉོ། རོལ་རྩེད་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོར་དམ་པོར་དམིགས་པ། ཡུལ་སྐོར་སྤུས་རྟགས་གཏོད་པ། ཡུལ་སྐོར་ལམ་ཐིག་གསར་སྤེལ། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་སྐྲུན་པ་བཅས་བྱས་ནས་ཡུལ་སྐོར་ཞབས་འདེགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། གྲོང་གསེབ་ཡུལ་སྐོར་གྱི་དམངས་ཕྱུག་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྔོ་ལྗང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ལྗང་མདོག་ཡུལ་སྐོར་གྱི་རྣམ་པ་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཡུལ་སྐོར་འཕེལ་རྒྱས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་། གྲོང་གསེབ་ཡུལ་སྐོར་སྤུས་རྟགས་འདུ་འགོད་ལག་ལེན་བསྟར་བ། “མཛེས་ལྗོངས་ཁུལ་གྱིས་གྲོང་ཚོ་སྐུལ་ཁྲིད་བྱེད་པ”དང“འཇོན་ཐང་ཅན་གྱིས་དུད་ཚང་སྐུལ་ཁྲིད་བྱེད་པ”སོགས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་ཟབ་ཏུ་བཏང་སྟེ་གྲོང་གསེབ་ཀྱི་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་ཀྱི་གསོན་ཤུགས་འཕེལ་བ་དང་གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས་བྱས་ནས་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཏུ་སྐྱོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་དང་། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སྣ་མང་ཕུན་སུམ་ཚོགས་པ། རང་བྱུང་མཛེས་ལྗོངས་ཐུན་མོང་མ་ཡིན་པ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་གཏིང་ཤུགས་ཆེ་ལ་མདུན་ལམ་ཡངས་བ་བཅས་ཡོད། རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་རྒྱས་གཏོང་བ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་ནི་རྩ་བ་ཡིན་པ་མཐའ་འཁྱོངས་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་འདོན་པ་དང་ལོ་རྒྱུས་རིག་གནས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པ་དང་། ཁྱད་ཆོས་རྩ་བར་མཐའ་འཁྱོངས་བཟུང་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་གི་ཕུན་སུམ་ཚོགས་པའི་ནང་དོན་དང་རིན་ཐང་སྣ་ཚོགས་སྔོག་འདོན་གཏིང་ཟབ་བྱས་ནས་ཐོན་རྫས་ཀྱི་ཁྱད་པར་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་པ། རིག་གནས་ཡུལ་སྐོར་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་མཐའ་འཁྱོངས་ཁྱབ་པར་བྱས་ནས། ཡུལ་སྐོར་ནི་རིག་གནས་ཀྱི་གཞི་རྟེན་དང་རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་ཡིན་པ་མཐའ་འཁྱོངས་ཀྱིས་བོད་ཀྱི་དམིགས་བསལ་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་ཐོན་ལས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་ཧུར་ཐག་གཏོང་དགོས་པ། ཁྲོམ་ར་ནི་སྟོན་ཕྱོགས་ཡིན་པ་མཐའ་འཁྱོངས་ཀྱིས་ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་དང་ཡུལ་སྐོར་ཁྲོམ་ར་སྣ་མང་ཅན་གྱི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་དང་ཧུར་ཐག་བསྟུན་ནས་ཡུལ་སྐོར་སྤུས་རྟགས་སྐྱེད་སྲིང་ཧུར་ཐག་བྱེད་དགོས་པ། ཡུལ་སྐོར་ནི་ཤེས་དཔལ་བརྒྱུད་སྤེལ་དང་། རིག་གནས་སྤེལ་རེས། མཛའ་གྲོགས་ཟབ་པོ་བཅས་ཀྱི་འབྲེལ་ཟམ་ཡིན་པས“ཡུལ་སྐོར་ལ་བརྟེན་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འཆར་གཞི”ལག་ལེན་གཏིང་ཟབ་བསྟར་བ་དང་བོད་ཀྱི་རིག་གནས་ཡུལ་སྐོར་རྒྱ་སྐྱེད་བཏང་སྟེ་ཡུལ་སྐོར་མི་དམངས་ཀྱིས་ཀྲུང་ཧྭའི་རིག་གནས་མྱོང་རྟོགས་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་གྱུར་པར་བྱས་ནས་ཡུལ་སྐོར་ལས་རིགས་ལ་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་གང་ལེགས་ཡོང་བར་སྐུལ་འདེད་གཏོང་དགོས་པ། རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་ཧུར་ཐག་བཏོད་ནས“རིག་གནས་བོད་ལྗོངས”སོགས་སྤུས་རྟགས་གཏོད་པར་ཤུགས་སྣོན་བརྒྱབ་སྟེ་རིག་གནས་ཡུལ་སྐོར་གྱི“གསེར་གྱི་མིང་བྱང”བཟོས་ནས་དེ་བས་ཡིད་དབང་འཕྲོག་པའི་རིག་གནས་ཡུལ་སྐོར་ཐོན་རྫས་གཏོད་པ་དང་། བོད་ཀྱི་གཟུགས་བརྙན་བཟང་པོ་སྟོན་པ། བོད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཕྱི་ཕྱོགས་ཀྱིས་བོད་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་དང་བོད་འཛམ་གླིང་དུ་མགྱོགས་མྱུར་སྐྱོད་ཐུབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིག་གནས་ཡུལ་སྐོར་སྟོབས་ཆེན་ཁུལ་སྐྲུན་པ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྦྱོར་གཞོགས་འདེགས་བྱས་ཏེ་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས་པ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་ས་གནས་ཀྱི་གཟུགས་བརྙན་གཏོད་པ་དང་ཡུལ་ཕྱོགས་གཅིག་འཕེལ་རྒྱས་གཏོང་བའི་གནས་བབ་གལ་ཆེན་ལ་བརྩིས་ནས་དམ་འཛིན་དང་། འགན་འཁྲི་དང་འབྲེལ་ཐག་ནན་དུ་གཏོང་བ། སྡེ་ཚན་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་རྒྱ་ཁྱབ་ངང་ཞུགས་པ་དང་མི་ཚང་མས་མཉམ་དུ་སྐྲུན་པར་ཁྲིད་སྟོན་བྱེད་དགོས། ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་ཁྲོམ་རའི་ལྟ་འདོམས་དང་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡུལ་སྐོར་སྣེ་ཤན་པ་དང་ཡུལ་སྐོར་ལས་དོན་ཁང་གི་དོ་དམ་ལ་ཤུགས་སྣོན། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་བྱས་ནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བརྟན་པོ་སྲུང་སྐྱོང་བྱེད་དགོས། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ནས་ཡུལ་སྐོར་གྱི་སྒྲིག་བཀོད་དང་། བཟའ་བཅའི་བདེ་འཇགས། འགྲོ་ལམ་འགྲིམ་འགྲུལ་སོགས་ཀྱི་བདེ་འཇགས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་བློ་བདེ་བག་ཕེབས་ཀྱི་ཡུལ་སྐོར་ཁོར་ཡུག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།