ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།
● བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་སེང་གསན་པ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་གནང་བ་དང་འབྲེལ། དུས་ཚིགས་བཞི་པའི་གཙོ་གནད་ལས་འགན་བཀོད་སྒྲིག་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་ཚད་ལུགས་མཐུན་ངང་འཕར་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། འདི་ལོ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་བཀོད་སྒྲིག་གཞིར་བཟུང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་མི་དམངས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་དམིགས་ཚད་ལས་འགན་ལ་དམིགས་ནས། གསར་འབྱེད་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པ་ཐོབ་པར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་སྔར་བཞིན་རྙོག་འཛིང་ཆེ་བ་དང་དཔལ་འབྱོར་འཁོར་རྒྱུག་ལ་ཤུགས་རྐྱེན་ཐེབས་པའི་གཏན་འཁེལ་མེད་པའི་རྒྱུ་རྐྱེན་སྔར་བཞིན་གནས་པ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་ཐུབ་པར་བྱེད་དགོས། དུས་ཚིགས་བཞི་པའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར། མཐའ་ཚད་ཀྱི་བསམ་བློ་དང་རྩོད་སྒྲུབ་ཀྱི་བསམ་གཞིག་བརྟན་དུ་བཏང་ནས། གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། ལས་དོན་ཁག་ལ་ཞིབ་ཕྲ་ཅན་དང་། རྣམ་གྲངས་ཅན། གསལ་ཐོ་ཅན་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་གཏན་འཁེལ་བའི་དམིགས་ཚད་མངོན་འགྱུར་བདེ་བླག་ཐུབ་པའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་ཚིགས་བཞི་པ་ནི་ལོ་ཧྲིལ་པོ་གཏན་འཁེལ་དང་སྤྱི་ཡོངས་འགན་ལེན་བྱེད་པའི་འགག་རྩའི་དུས་མཚམས་ཤིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཡང་འབད་བསྐྱར་འབད་དང་། ཉམས་མྱོང་ཕྱོགས་སྡོམ། གྲུབ་འབྲས་སྲ་བརྟན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལས་ཀའི་ཞན་ཆ་སེལ་བ་བཅས་བྱས་ནས་ཕྱི་ལོའི་ལས་དོན་ལ་རྨང་གཞི་འདིང་དགོས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ཚན་རིག་དང་མཐུན་པའི་ངང་སྐུལ་འདེད་བཏང་ནས། འགན་གཙང་འགན་ལེན་གྱི་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། གཙོ་གནད་ལས་དོན་དང་གཙོ་གནད་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་དངོས་སུ་མཐོང་རྒྱུ་ཡོད་པའི་ལས་འབོར་དེ་བས་མང་བ་ཧུར་ཐག་གྲུབ་པར་བྱེད་དགོས། ཁེ་ལས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་རིང་གི་དཀའ་གནད་དང་འགག་གནད་ཤེས་རྟོགས་བྱེད་པ་དང་། སྲིད་ཇུས་ཀྱི་འདེགས་སྐྱོར་དང་གནད་སྨིན་ཞབས་འདེགས་དུས་ཐོག་དང་ནུས་ལྡན་ངང་ཞུས་ནས་སྔར་ལས་ལྷག་པའི་སྒོ་ནས་ཁྲོམ་རའི་བྱེད་པོའི་གསེང་ཚོད་ཆེ་རུ་གཏོང་བ་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་དགོས། འཛད་སྤྱོད་ཁྲོམ་རའི་མངོན་མེད་སྟོབས་ཤུགས་རྒྱུན་མཐུད་འདོན་སྤེལ་བྱས་ནས། འཛད་སྤྱོད་ཀྱི་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་པ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཡུལ་བབ་དང་བསྟུན་ནས་ཞིབ་འཇུག་དང་བཟོ་བ། ཐབས་མང་མཉམ་སྤྱོད་ཀྱིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ། གསར་དར་འཛད་སྤྱོད་ནུས་པ་རྒྱུན་ཆད་མེད་པར་འདོན་པ་བཅས་བྱས་ཏེ་འཛད་སྤྱོད་ཁྲོམ་རའི་གནས་མང་འདེགས་སྐྱོར་འགྲུབ་པར་བྱེད་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་ནས། དམངས་འཚོའི་བྱ་བ་དངོས་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཐ་སྐྱོང་རང་བཞིན་གྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ནུས་རྒྱུ་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ལ་ཞིབ་བཤེར་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་ཏན་ཏིག་བྱེད་པ། རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་ལྗོངས་འདི་ཉིད་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་ཕྱོགས་སྒྱུར་དང་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཕྱི་ལོའི་དཔལ་འབྱོར་གྱི་ལས་དོན་ཁག་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱེད་དགོས། བསམ་བློ་དང་བྱ་སྤྱོད་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་། ཏང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། དཔལ་འབྱོར་ལས་དོན་གྱི་མ་འོངས་སྔོན་མཐོང་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་བཏང་ནས། དཔལ་འབྱོར་ལས་དོན་དེ་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་དང་བོད་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་ཞིབ་འཇུག་དང་ཇུས་འགོད་སྐུལ་འདེད་གཏོང་བ་དང་། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”སྤྱི་འདོམས་སྐུལ་འདེད་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོའི་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་བྱེད་པའི་སྤྱོད་ཚུལ་དྲང་པོ་མེད་པ་ནི་སྔར་བཞིན་ང་ཚོའི་ལས་དོན་གྱི་དགྲ་བོ་ཆེ་ཤོས་དེ་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་དུས་རབས་གསར་པའི་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་ནུས་ཆེ་རུ་དང་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་གཏོང་དགོས། དཔལ་འབྱོར་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཚན་རིག་དང་མཐུན་པའི་ངང་ཁོང་དུ་ཆུད་པ་བཅས་བྱས་ཏེ། འབད་འབུངས་ཡར་བརྩོན་གྱི་བསམ་བློའི་འཁྱེར་སོ་དང“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་རྒྱུ་དེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ས་གནས་དེ་རང་དང་། སྡེ་ཚན་དེ་རང་། ཚན་པ་དེ་རང་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། དཀའ་ངལ་མང་བ་དང་། མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་ཆེ་བ། ལས་དོན་གྱི་འགོ་ཡག་པོ་འཛུགས་མི་ཐུབ་པའི་ས་ཆར་བརྟག་དཔྱད་ཞིབ་འཇུག་མང་ཙམ་བྱེད་པར་བསྐྱོད་དེ་དོན་དངོས་རྟོག་ཞིབ་དང་། བྱ་ཐབས་དངོས་འདོན་པ། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ཏེ་རང་འགན་གཙང་སྒྲུབ་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་རྒྱུན་ཆད་མེད་པར་ངོས་འཛིན་གཏིང་ཟབ། མངོན་སུམ་གྱི་ཤེས་པ་རྗེས་དཔག་གི་ཤེས་པར་སྒྱུར་མཁས་པོ། སྤྱོད་གོ་ཆོད་པའི་བྱ་ཐབས་དང་ཉམས་མྱོང་བཟང་པོ་རྒྱུན་འཇགས་ཐུབ་པ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མིག་སྔར་གསོན་ཤུགས་ཡོད་པ་དང་འབྱུང་འགྱུར་ལ་གཏིང་ཤུགས་ལྡན་པའི་འགན་ལེན་བྱེད་དགོས། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བརྟན་པོར་བཙུགས་ནས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་སྲིད་དོན་ལས་རྗེས་གལ་ཆེ་ཤོས་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་དང་རང་སོ་སོའི་ལས་ཀའི་ལས་ཆོད་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་བ། འགན་འཁྲི་ནན་གཏོང་དང་དམ་པ་དོན་གཉེར་བཅས་བྱས་ཏེ་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ལས་ཀའི་བྱ་ཐབས་དང་ཆུ་ཚད་ལ་ཞིབ་བཤེར་ཏན་ཏིག་བྱེད་དགོས། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་བཏོན་ནས། ལས་བྱེད་པ་འདེམས་སྤྱོད་ཀྱི་ལས་དོན་ཁྲོད་དཔྱད་ཞིབ་བྱས་འབྲས་སྤྱོད་པ་དང་། བྱ་དགའ་དང་ཆད་གཅོད་ཁ་གསལ་དང་ལེགས་པར་བྱ་དགའ་སྤྲོད་པ་དང་ཞན་པར་ཆད་པ་གཅོད་པ། དཔལ་འབྱོར་འཛུགས་སྐྲུན་གྱི་འཐབ་ས་གཙོ་བོར་རྒྱ་ཆེའི་ལས་བྱེད་པས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པར་སྐུལ་ལྕག་གཏོང་བ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།