ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་རིག་གནས་ཐིང་དུ་བརྟག་ཞིབ་གནང་བ།
ཟླ་10ཚེས་12ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་རིག་གནས་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་སྤྱི་པའི་ཞབས་ཞུ་ཁྲུའུ་རུ་གཞི་རིམ་གྱི་རིག་གནས་འཐབ་ས་འཛུགས་སྐྱོང་དང་། རིག་གནས་དམངས་ཕན། སྤུས་ཚད་མཐོ་བའི་རིག་རྩལ་བརྩམས་ཆོས་གསར་རྩོམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
● ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་ཀྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཟླ་10ཚེས་12ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་རིག་གནས་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་དེ་བས་ཡག་པོ་འཁུར་བ། བོད་ཀྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་བསམ་པའི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
སྤྱི་པའི་ཞབས་ཞུ་ཁྲུའུ་དང་སྒྱུ་རྩལ་ཁྲུའུ་རུ། ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་རིག་གནས་འཐབ་ས་འཛུགས་སྐྱོང་དང་། རིག་གནས་དམངས་ཕན། སྤུས་ཚད་མཐོ་བའི་རིག་རྩལ་བརྩམས་ཆོས་གསར་རྩོམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ལོ་རྒྱུས་ཤེས་རིག་གི་འཕེལ་རྒྱུན་རྒྱུན་འཛིན་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས། རང་ཡུལ་གྱི་རིག་གནས་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་། དུས་རབས་གསར་པའི་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཚོ་བར་ཟབ་འཇུག་དང་མི་དམངས་ཁྲོད་རྩ་བ་བརྟན་པོ་ཚུགས་པར་བྱས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་ཞིང་མི་སེར་ཚོས་དགའ་པོ་བྱེད་པ་དང་། སྐད་གྲགས་ཆེ་བ། སྙན་ཆ་དོད་པ། གནས་ཐུབ་པ་བཅས་ཀྱི་རིག་གནས་བརྩམས་ཆོས་ཁག་གཅིག་གསར་པ་བརྩམས་ནས། མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་བས་ལེགས་པར་སྐོང་དགོས། རྣམ་པ་གསར་གཏོད་དང་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། གཞི་རྟེན་སྣ་ཚོགས་གང་ལེགས་སྤྱད་དེ། གཞི་རིམ་རིག་རྩལ་འཁྲབ་སྟོན་རུ་ཁག་གི་ནུས་པ་འདོན་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ཏང་ཀྲུང་དབྱང་གི་དམངས་ཕན་སྲིད་ཇུས་ཁག་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱེད་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་རིག་གནས་ཁོངས་གཏོགས་ཀྱི་ལས་ཀའི་གནས་ཚུལ་སྙན་སེང་གསན་ནས་ལྗོངས་ཡོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཉེ་དུས་འཚོགས་པའི་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ཚོགས་འདུར་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དངོས་སུ་བཏོན་པ་དང་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད། ལྗོངས་ཡོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཚན་རིག་མ་ལག་དང་ནང་དོན་ཕུན་སུམ་ཚོགས་པོ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཟབ་སྦྱོང་མཐིལ་རྟོགས་དང་གོ་དོན་མཐིལ་རྟོགས་བྱས་ནས་དེའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པ་དང་། དེར་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་མཐའ་འཁྱོངས་དང་ཡག་པོ་སྤྱོད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཀྱི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ལ་ཏན་ཏིག་སྒྱུར་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས། ལས་ཀའི་རྣམ་པ་དང་བསམ་ཕྱོགས་རྒྱ་སྐྱེད་གཏོང་བ་དང་། ལས་ཀའི་འདུ་ཤེས་དང་ལམ་སྲོལ་གསར་གཏོད། ལས་ཀའི་གཞི་རྟེན་དང་བྱ་ཐབས་ལེགས་སུ་གཏོང་བ། ཆེས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གསར་གཏོད་ཀྱི་རང་བཞིན་དང་ཧུར་བརྩོན་གྱི་རང་བཞིན་ལ་སྐུལ་སློང་བཅས་བྱས་ཏེ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་རིག་གནས་དར་རྒྱས་དང་། རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ཏུ་དེ་བས་ལེགས་པར་ཁུར་ནས་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་རང་རྟོགས་ངང་ཕྲག་ཏུ་ཁུར་ནས། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་སྟེ་རང་ལྗོངས་ཀྱི་རིག་གནས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། གཞུང་འཁྱོངས་གསར་འབྱེད་དང་། ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་ཆེ་རུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བཅས་བྱས་ཏེ་དུས་རབས་གསར་པར་འབད་འབུངས་བྱེད་པའི་གཙོ་རྒྱུན་བསམ་བློའི་གླེང་ཕྱོགས་བརྟན་པོ་དང་སྟོབས་ཆེར་གཏོང་དགོས། རིག་གནས་དམངས་ཕན་རྒྱུན་མཐུད་ཟབ་ཏུ་བཏང་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། “འཚོ་བར་ཟབ་འཇུག་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་སྤེལ་བ། དུས་རབས་ཀྱི་རྣམ་པ་གསར་པ་མཚོན་པ་དང་མི་དམངས་ཀྱི་གསར་རྩོམ་གསར་པར་བསྔགས་པའི་རིག་རྩལ་བརྩམས་ཆོས་རྩེ་གྲ་ཟམ་མི་ཆད་པར་བཏོན་ཏེ། ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་སྐྲུན་ཤུགས་ཆེ་རུ་བཏང་ནས། རིག་གནས་ཀྱི་ཐོན་ཁུངས་སྤུས་ལེགས་དེ་བས་མང་བ་གཞི་རིམ་ལ་ཕྱོགས་པ་དང་། གཞི་རྩའི་སྤྱི་པའི་རིག་གནས་ཞབས་འདེགས་ཚད་གཞི་ཅན་དང་དོ་སྙོམས་ཅན་ལ་སྐུལ་འདེད་བཏང་སྟེ་རིག་གནས་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཕན་པ་འཐོབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་ལྗོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་རྔམས་མཐུག་པས་རིག་གནས་ཡུལ་སྐོར་སོགས་འབྱུང་འཕྲོད་ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡག་པོ་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ཁུངས་སྔོག་འདོན་དང་བསྡུ་སྒྲིལ་གང་ལེགས་ཀྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཀྱི་རིན་ཐང་མངོན་པ། རིག་གནས་ཤུལ་བཞག་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་དམ་ཟབ་དང་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་མཐུན་སྦྱོར་གཅིག་གྱུར་ཡོང་བ། ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་ཏན་ཏིག་སྒྱུར་བ་བཅས་བྱས་ཏེ། ཡུལ་སྐོར་རིག་གནས་མཉམ་འགུལ་འཕེལ་རྒྱས་དང་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་དགོས། རིག་གནས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་བཏང་ནས། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་ཤུལ་བཞག་ནུས་པ་ཆེན་པོས་སྤྱོད་པར་སྐུལ་འདེད། གྲངས་འཛིན་བསམ་བཀོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད། “ནང་དུ་འདྲེན་པ”དང“ཕྱིར་སྐྱོད་པ”ཟུང་འབྲེལ་མཐའ་འཁྱོངས། རིག་གནས་རྣམ་པ་སྣ་ཚོགས་འགྲེམས་སྟོན་བཤམས་སྟོན་སྤེལ་རེས་གླེང་མོལ་བྱེད་སྒོ་སྤེལ་བ་བཅས་བྱས་ཏེ་བོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།