དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་ཡིག་འབུལ་ཞུ་བཅར་བྱེད་མཁན་ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-14

    ཚེས་11ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་ཡིག་འབུལ་ཞུ་བཅར་བྱེད་མཁན་གྱི་མང་ཚོགས་ལ་སྣེ་ལེན་ཞུས་པ་རེད། ཁོང་གིས་མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”དང“ཕུའུ་ཅང་གི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། ཡིག་འབུལ་ཞུ་བཅར་གྱི་ལས་དོན་སེམས་ནུས་ཡོད་རྒུས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱི་ཞུ་བཅར་སྣེ་ལེན་ཁང་དུ། ཡན་ཅིན་ཧའེ་ཡིས་ཡིག་འབུལ་ཞུ་བཅར་བྱེད་མཁན་གྱི་མང་ཚོགས་བསོད་ནམས་ལ་སྣེ་ལེན་ཞུས་ནས་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་སྐོར་ངང་རྒྱུད་རིང་པོས་གསན་ཏེ་འབྱུང་ལུགས་འབྱུང་སྟངས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་མཉམ་དུ་གནད་དོན་གྱི་འགག་རྩ་དབྱེ་ཞིབ་བྱས་ཏེ་ས་གནས་ས་ཐོག་ཏུ་ཐག་གཅོད་བྱ་ཐབས་བཏོན་པ་རེད། ཁོང་གིས་གསུངས་དོན། ཞིང་པ་ལས་མིའི་གླ་ཆ་ནི་ཁོང་ཚོའི“ཁྲག་དང་རྔུལ་ཆུ་ལས་གྲུབ་པ་ཞིག”ཡིན་པས་ཁྱིམ་ཚང་གཅིག་གི་བདེ་སྡུག་དང་འབྲེལ་བ་ཡོད། འབྲེལ་ཡོད་འགན་འཁྲིའི་སྡེ་ཚན་གྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ། གནས་ཚུལ་སྔོན་ལ་བརྟག་དཔྱད་ཞིབ་བསྡུར་བྱས་ནས་གཏན་འབེབས་ཀྱི་དུས་ཚོད་ནང་གླ་ཆ་འགྱངས་ཆད་གཙང་སྤྲོད་ཐུབ་པ་བྱས་ནས་ཞིང་པ་ལས་མིའི“ཁྲག་དང་རྔུལ་ཆུ་ལས་གྲུབ་པའི་གླ་ཆ”བདེ་འཇགས་ངང་ལག་ཏུ་འབྱོར་བའི་འགན་ལེན་བྱེད་དགོས་པ་ལས། ཞིང་པ་ལས་མིས་རྔུལ་ཆུ་འདོན་ཐོག་མིག་ཆུ་ཡང་ཤོར་བའི་གནས་ཚུལ་གཏན་ནས་མི་ཐོན་པ་བྱེད་དགོས།

    ཡིག་འབུལ་ཞུ་བཅར་གྱི་ལས་དོན་པས《ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྲོལ་ཡིག》སློབ་སྦྱོང་དང་ལག་ལེན་ཏན་ཏིག་བསྟར་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་བ་དང་། གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ། ཟུར་བསྟན་ལེབ་མཐོང་། ལམ་སྲོལ་གསར་གཏོད་བཅས་བྱས་ནས་གྱོད་གཞི་གཅིག་ཐག་གཅོད་བྱེད་པར་ཡུག་གཅིག་ལ་སྐུལ་ཁྲིད་ཐུབ་པའི་བརྩོན་ལེན་བྱེད་དགོས།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་རྒྱ་ཆེའི་ཞིང་པ་ལས་མིའི་བདེ་རྩར་ཐུག་པའི་ཁེ་ཕན་དང་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་ཀྱི་དྲང་གཞག་དང་། དྲང་བདེན། ཞི་མཐུན། བརྟན་ལྷིང་བཅས་དང་ཡང་འབྲེལ་བ་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་ལ་སྔ་ཙམ་ནས་ཁ་གཏད་གཅོག་པ་དང་། སྔ་ཙམ་ནས་ཐག་གཅོད་བྱས་ཏེ་འགལ་ཟླ་སེལ་རིང་དམངས་འཚོ་ལེགས་སུ་གཏོང་བ་དང་སེམས་ཁྲལ་དང་དཀའ་གནད་སེལ་བའི་ཁྲོད་དམངས་སེམས་གཅིག་ཏུ་སྒྲིལ་དགོས་པ་དང་། ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་འགལ་ཟླ་མ་ཐོན་གོང་དང་། འགལ་ཟླ་ཐོན་རིང་། འགལ་ཟླ་ཐོན་རྗེས་བཅས་སུ་ཁྱབ་པའི་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་གདུབ་ཟུམ་འཛུགས་པ་དང་། བཀོད་གཏོང་དབྱེ་ཞིབ་དང་། མཉམ་འབྲེལ་ལྟ་སྐུལ། བརྡ་ཁྱབ་དཔྱད་ཞིབ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གྲངས་གཞི་ཆེ་མོ་སོགས་ཀྱི་ལག་རྩལ་དང་བྱེད་ཐབས་ཡག་པོ་སྤྱད་དེ་གླ་ཆ་འགྱངས་ཆད་ལ་བཅོས་སྒྲིག་བྱེད་པ་དེ་ཆད་དངུལ་གཙང་སྤྲོད་ནས་ཆད་པར་སྔོན་འགོག་བྱེད་པའི་བར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། འགན་འཁྲི་ནན་ཏུ་བཏང་ནས“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། གཏོགས་ཁོངས་དོ་དམ། རིམ་དབྱེ་འགན་འཁུར། སུས་གཙོ་འགན་འཁུར་ཚེ་དེས་འགན་འཁུར་བ”བཅས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་། རྡུང་རྡེག་ཚ་ནན་བཏང་ནས་རྐང་བཙུགས་ཏེ་གླ་ཆ་འགྱངས་ཆད་ཀྱི་ཉེས་གསོག་དོགས་ཅན་ཁེ་ལས“མིང་ཐོ་ནག་པོའི”ནང་མཐའ་གཅིག་ཏུ་འཇུག་དགོས་པ་མ་ཟད། ཁྲིམས་ལྟར་ཁྲིམས་འཛིན་ལས་ཁུངས་ལ་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུར་རྩིས་སྤྲད་དེ“གླ་ཆ་ཆད་མི་ཕོད་པའི”ཟིལ་གནོན་གྱི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་བཅས་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།