དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆིས་ཀྲུང་དབྱང་སྨྱན་སྦྱོར་གྱི་བརྗོད་དོན་གཙོ་བོའི་བཅར་འདྲི་ཚོགས་པ་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-13

    ཟླ་10ཚེས་11ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་སར་ཀྲུང་དབྱང་སྨྱན་སྦྱོར་བཅར་འདྲི་ཚོགས་པ་བཅས་པ་དང་མཇལ་འཛོམས་གནང་བ་རེད། མི་དམངས་ཉིན་རེའི་ཚགས་པར་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་ཀྲུང་དབྱང་གསར་འགྱུར་སྨྱན་སྦྱོར་ཚན་པ་16གི་གསར་འགོད་པ་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།

    ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ནས། བཅར་འདྲི་ཚོགས་པ་བཅས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་འབྲེལ། དུས་རབས་གསར་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    ཁྲེན་ཡུང་ཆིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བརྟན་ལྷིང་གི་དོན་ཆེན་འདིར་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པ། ཆུ་ཚད་མཐོ་བའི་དུས་བདེ་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མི་རིགས་ཆོས་ལུགས་ལས་དོན་ལ་གསར་གཏོད་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། བོད་ཀྱི་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ཡོང་བ་བཅས་བྱས་ཏེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་བྱས་ཡོད། “འཕེལ་རྒྱས”ཀྱི་དོན་ཆེན་འདིར་དམ་འཛིན་ཡག་པོ་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བྱ་གཞག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་པས། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། “སྐྱེ་ཁམས”ཀྱི་དོན་ཆེན་འདིར་དམ་འཛིན་ཡག་པོ་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྡོད་མལ་ཁོར་ཡུག་གི་གནས་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པ་བརྒྱུད་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་སུ་གྱུར་ཡོད། “མཐའ་སྟོབས”ཀྱི་དོན་ཆེན་འདིར་དམ་འཛིན་ཡག་པོ་བྱས་ནས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱས་པས། བོད་ཀྱི་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། མིག་སྔར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་སུ་གནས་ཡོད།

    ཁྲེན་ཡུང་ཆིས་གསུངས་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ལ་འཕེལ་རྒྱས་གསར་པ་ཡོང་ངེས་ཡིན་ལ། འགྲོ་བ་མིའི་ཐོབ་ཐང་འགན་ལེན་གྱི་ཆུ་ཚད་ཁག་ཀྱང་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་ངེས་ཡིན། གྲོགས་པོ་གསར་འགོད་པ་ཚོས་བོད་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པའི་དཔེ་མཚོན་དང་། ཉམས་མྱོང་། བྱེད་ཐབས་བཅས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་འགྲོ་ལམ་གྱི་བོད་ཀྱི་ལག་ལེན་གྱི་གསོན་ཉམས་དོད་པའི་གཏམ་རྒྱུད་ཡག་པོ་བརྗོད་ནས་དེ་བས་ཡར་རྒྱས་དང་། སྒོ་དབྱེ། མཛེས་སྡུག་བཅས་ལྡན་པའི་བོད་ལྗོངས་རྒྱལ་སྤྱི་དང་རྒྱལ་ནང་གི་སྤྱི་ཚོགས་ལ་ཕྱོགས་ཡོངས་དང་། དོན་དངོས་དང་མཐུན་པ། ཇི་མ་ཇི་བཞིན་བཅས་ཀྱི་སྒོ་ནས་ངོ་སྤྲོད་བྱ་རྒྱུའི་རེ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།