དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པའི་ཏུང་ཧྲི་ཀྲང་ཡུས་ཕེ་ཀེན་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-12

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པའི་ཏུང་ཧྲི་ཀྲང་ཡུས་ཕེ་ཀེན་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པའི་ཏུང་ཧྲི་ཀྲང་ཡུས་ཕེ་ཀེན་བཅས་པ་དང་བཞུགས་མོལ་གནང་བ་དང་འབྲེལ། ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པའི་དཔང་པོའང་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ཟླ་བ་ཚེ་རིང་། ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པའི་འགོ་ཁྲིད་ལི་ཀྲུང་ཅུན་བཅས་ཞུགས་ཡོད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཞུགས་པ་དང་རམ་འདེགས་བྱས་པར་དགའ་བསུ་ཞུས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་རང་འགན་ཐེག་པ་འཁུར་ལེན་དང་ལས་དོན་ཏན་ཏིག་བསྒྲུབས་ནས་བྱ་གཞག་ཁག་ལ་ཟམ་མི་ཆད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད། མིག་སྔའི་བོད་ལྗོངས་སུ་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་དཔྱིད་དཔལ་བཞད་པ་ལྟར་གྱི་རྣམ་པ་བཟང་པོ་མངོན་བཞིན་ཡོད།

    ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པ་གཞུང་ཁོངས་ཁེ་ལས་ཆེ་གྲས་ཤིག་ཡིན་པའི་ངོས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྲུང་དབྱང་ཁེ་ལས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་མངོན་པར་བྱས་ཡོད།ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པས་ཆ་ཚང་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡག་པོ་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་རེ་བ་ཡོད། བོད་ཀྱི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ནང་ཧུར་ཐག་ཞུགས་པ་དང་བོད་ཀྱི་ལེགས་ཆར་གཞི་ཚུགས་ནས་ནུས་རྒྱུ་གཙང་མ་དང་ཡང་བའི་བཟོ་ལས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། ཆུ་གློག་དང་། རླུང་གློག ས་འོག་ཚ་ནུས་སོགས་ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། བོད་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་རྒྱུར་རྒྱབ་སྐྱོར་བཅས་བྱས་ནས་བོད་ཀྱི་ཐོན་ཁུངས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་ཏན་ཏིག་འགྱུར་བར་བྱེད་དགོས། མི་ཆོས་རིག་གནས་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ་ཤེས་ལྡན་པ་དང་ལག་རྩལ་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཤེས་ལྡན་པའི་བོད་སྐྱོར་དང་རིག་སྟོབས་བོད་སྐྱོར་སོགས་ཀྱི་ལས་དོན་སྤེལ་ནས་ལས་བྱེད་པ་དང་ཤེས་ལྡན་མི་སྣས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྣེ་ཁྲིད་བྱེད་དགོས། གཞུང་ཁོངས་ཁེ་ལས་ཆེ་གྲས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བཅས་བྱས་ཏེ་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་རམ་འདེགས་བྱེད་དགོས། བོད་ཀྱིས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས་ཁེ་ལས་ཀྱིས་བོད་དུ་མ་འཇོག་བྱས་ནས་ལས་རིགས་དར་རྒྱས་གཏོང་ཆེད་སྤུས་ལེགས་ཞབས་ཞུ་དང་ཆ་རྐྱེན་བཟང་པོ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཡུས་ཕེ་ཀེན་གྱིས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཁོང་གིས། ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པས་གཞུང་ཁོངས་ཁེ་ལས་ཀྱི་ཆབ་སྲིད་འགན་འཁྲི་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། དགེ་སྤེལ་སྐྱོན་སྤོང་དང་ལེགས་ཆ་གསབ་རེས་བྱེད་པ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ནང་གཏིང་ཟབ་ཞུགས་པ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།