དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ལས་གྲྭའི་དོ་དམ་སྲོལ་ཡིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-11

    (2007ལོའི་ཟླ་9ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2011ལོའི་ཟླ་11ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག 《<བོད་རང་སྐྱོང་ལྗོངས་ཀྱི་ཆུ་བེད་ལས་གྲྭའི་དོ་དམ་སྲོལ་ཡིག>སོགས་ཁྲིམས་སྲོལ་8ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་དང་པོ་བྱས། 2022ལོའི་ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག 《<བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག>སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་6ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས)


    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    〔2023〕ཡིག་ཨང་5པ།

    《བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་དྲུག་ལ་བཟོ་བཅོས་རྒྱག་རྒྱུའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་འདི་2022ལོའི་ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞིང་། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2023ལོའི་ཟླ་དང་པོའི་ཚེས་18ལ།

    དཀར་ཆག

    ལེའུ་དང་པོ། སྤྱིའི་རྩ་དོན།

    ལེའུ་གཉིས་པ། ལས་གྲྭའི་འཛུགས་སྐྲུན།

    ལེའུ་གསུམ་པ། ལས་གྲྭའི་དོ་དམ།

    ལེའུ་བཞི་པ། ལས་གྲྭ་གཉེར་སྐྱོང་།

    ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    ལེའུ་དྲུག་པ། ཞར་བྱུང་།

    ལེའུ་དང་པོ། སྤྱིའི་རྩ་དོན།

    དོན་ཚན་དང་པོ། ཆུ་བེད་ལས་གྲྭ་འཛུགས་སྐྲུན་དང་། དོ་དམ། སྲུང་སྐྱོབ་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆུ་བེད་ལས་གྲྭ་བདེ་འཇགས་ཡོང་བ་དང་རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པ་བྱས་ཏེ་ཆུ་བེད་ལས་གྲྭའི་ཕྱོགས་བསྡུས་ཕན་འབྲས་ཐོན་ཐུབ་པ་བྱས་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དགོས་མཁོ་དང་འཚམ་ཐུབ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས》གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། སྲོལ་ཡིག་འདི་བོད་རང་སྐྱོང་ལྗོངས་སྲིད་འཛིན་ས་ཁོངས་ནང་གི་ཆུ་ལོག་འགོག་པ་དང་། ཆུ་འདྲེན་པ། འཁྱིལ་ཆུ་བཅོས་པ། ཆུ་མཁོ་འདོན་བྱེད་པ། གློག་གཏོང་བ་སོགས་ཆུ་བེད་ལས་གྲྭ་དང་དེའི་ཞོར་གཏོགས་སྒྲིག་ཆས་ལ་དོ་དམ་བྱ་རྒྱུར་སྤྱད་ན་འཐུས།

    དོན་ཚན་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་དང་དོ་དམ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་ས་གནས་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་ནང་བཅུག་ནས་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་ལ་མ་རྩ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཆུ་བེད་ལས་གྲྭ་བདེ་འཇགས་ཡོང་བ་དང་རྒྱུན་ལྡན་བཞིན་འཁོར་སྐྱོད་ཐུབ་པ་བྱེད་དགོས།

    དོན་ཚན་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་ཆུ་བེད་ལས་གྲྭར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས།

    སྲིད་འཛིན་ས་ཁོངས་ལས་བརྒལ་བའི་ཆུ་བེད་ལས་གྲྭ་དེ་ཐུན་མོང་གི་གོང་རིམ་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནས་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་དགོས།

    ཆུ་བེད་ལས་གྲྭའི་དོ་དམ་ཚན་པས་ཆུ་བེད་ལས་གྲྭའི་འཁོར་སྐྱོད་དང་། སྲུང་སྐྱོབ། དོ་དམ་བཅས་ལ་འགན་འཁུར་དགོས།

    དོན་ཚན་ལྔ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཟིགས་སྐྱོང་སྲིད་ཇུས་བཟོས་ཏེ། མངའ་ཁོངས་ཕྱི་ནང་གི་མ་རྩ་འཇོག་མཁན་གྱིས་ཆུ་བེད་ལས་གྲྭར་མ་འཇོག་འཛུགས་སྐྲུན་དང་ཆུ་བེད་ལས་གྲྭ་གཉེར་སྐྱོང་བྱ་རྒྱུར་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས། ཆུ་བེད་ལས་གྲྭ་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པར་ཞིང་འབྲོག་མང་ཚོགས་ཞུགས་རྒྱུར་སྐུལ་མ་གཏོང་དགོས།

    དོན་ཚན་དྲུག་པ། ཚན་པ་གང་ཞིག་དང་མི་སུ་ཞིག་ཡིན་རུང་ཆུ་བེད་ལས་གྲྭ་སྲུང་སྐྱོབ་བྱ་རྒྱུའི་འོས་འགན་ཡོད་ལ། ཆུ་བེད་ལས་གྲྭ་བཙན་བཟུང་དང་གཏོར་སྐྱོན་གཏོང་བའི་བྱ་སྤྱོད་ལ་བཀག་འགོག་དང་། ཐེར་འདོན། ཁྲིམས་སྦྱོར་བཅས་བྱེད་དབང་ཡོད།

    དོན་ཚན་བདུན་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆུ་བེད་ལས་གྲྭར་དོ་དམ་བྱེད་པ་དང་། སྲུང་སྐྱོབ་བྱེད་པ། བེད་སྤྱོད་གཏོང་བ། ཚན་རིག་ལག་རྩལ་ཐད་ཞིབ་འཇུག་བྱེད་པ། ཁྱབ་གདལ་གཏོང་བ་བཅས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་མཁན་གྱི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

    ལེའུ་གཉིས་པ། ལས་གྲྭའི་འཛུགས་སྐྲུན།

    དོན་ཚན་བརྒྱད་པ། ཆུ་བེད་ལས་གྲྭ(གསར་བཟོ་དང་། བསྒྱུར་བཟོ། རྒྱས་སྐྲུན་བཅས་ཚུད)གསར་སྐྲུན་བྱེད་སྐབས་ངེས་པར་དུ་ཆུ་རྒྱུག་ཁུལ་གྱི་འཆར་འགོད་དང་ཁུལ་ཁོངས་འཆར་འགོད་ལ་བསྟུན་དགོས། ལས་གྲྭའི་འཆར་འགོད་དང་། ཇུས་འགོད། ཨར་ལས་བཅས་ངེས་པར་དུ་ས་གནས་དེ་གའི་རང་བྱུང་ཁོར་ཡུག་དང་གྲོང་ཁྱེར་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཚུལ་དང་འཚམ་ཐུབ་པ་བྱས་ཏེ། ཆུ་བེད་ལས་གྲྭའི་ཕྱོགས་བསྡུས་ཕན་འབྲས་གང་ལེགས་ཐོན་ཐུབ་པ་བྱེད་དགོས།

    དོན་ཚན་དགུ་པ། ཆུ་བེད་ལས་གྲྭ་གསར་སྐྲུན་བྱེད་སྐབས་ངེས་པར་དུ་འཆར་འགོད་བཟོ་བ་དང་། ཁོར་ཡུག་སྲུང་སྐྱོབ་བྱེད་པ། ས་ཆ་བེད་སྤྱོད་གཏོང་བ། ཐོན་ཁུངས་བེད་སྤྱོད་བྱེད་པ། བདེ་འཇགས་ངང་ཐོན་སྐྱེད་བྱེད་པ། སྤུས་ཚད་ལ་ལྟ་སྐུལ་བྱེད་པ། འཛུགས་སྐྲུན་བྱེད་འགོ་འཛུགས་པ་སོགས་ལ་ཞིབ་མཆན་འགོད་པའི་འགྲོ་ལུགས་ཁྲིམས་བཞིན་གཉེར་སྒྲུབ་བྱེད་དགོས་པ་མ་ཟད། རྣམ་གྲངས་ཁྲིམས་ཚན་པའི་འགན་འཁྲིའི་ལམ་ལུགས་དང་། འོས་སྐུལ་འོས་དཔོད་ཀྱི་ལམ་ལུགས། འཛུགས་སྐྲུན་ལས་གྲྭའི་ལྟ་ཞིབ་དོ་དམ་ལམ་ལུགས། གན་རྒྱའི་དོ་དམ་ལམ་ལུགས། ལས་གྲྭའི་སྤུས་ཚད་ཚེ་གང་བདའ་འདེད་གཏོང་བའི་ལམ་ལུགས་བཅས་ལག་བསྟར་བྱེད་དགོས།

    ཆུ་བེད་ལས་གྲྭ་གསར་སྐྲུན་དང་། དེར་རྩད་ཞིབ་ཐིག་ལེན་དང་། ཇུས་འགོད། ཨར་ལས། ལྟ་ཞིབ་དོ་དམ་བཅས་བྱེད་སྐབས་ངེས་པར་དུ་དེ་མཚུངས་ཀྱི་ལྟ་བཤེར་ཐོབ་ཐང་ཡོད་པའི་ཚན་པས་འགན་འཁུར་དགོས་པ་དང་། མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ལས་གྲྭའི་སྤུས་ཚད་ལ་ལྟ་སྐུལ་བྱེད་རིགས་དང་ལེན་ཞུ་དགོས།

    དོན་ཚན་བཅུ་པ། ཆུ་བེད་ལས་གྲྭ་འཛུགས་སྐྲུན་གྱི་ཇུས་གཞིར་ངེས་པར་དུ་གཤམ་གསལ་གཏན་འབེབས་གཞིར་བཟུང་ཞིབ་བཤེར་བྱེད་དགོས་པ་སྟེ།

    (གཅིག)ཆུ་བེད་ལས་གྲྭ་ཆེ་གྲས་དང་འབྲིང་གྲས་ལ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནས་ཞིབ་བཤེར་བྱ་རྒྱུ་དང་།

    (གཉིས)ཆུ་བེད་ལས་གྲྭ་ཆུང་གྲས་ལ་གྲོང་ཁྱེར(ས་གནས)མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནས་ཞིབ་བཤེར་བྱ་རྒྱུ།

    (གསུམ)སྲིད་འཛིན་ས་ཁོངས་ལས་བརྒལ་བའི་ཆུ་བེད་ལས་གྲྭ་དེ་ཐུན་མོང་གི་གོང་རིམ་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནས་ཞིབ་བཤེར་བྱ་རྒྱུ་བཅས་སོ།

    གོང་གསལ་དོན་ཚན་ནང་འཁོད་པའི་ཆུ་བེད་ལས་གྲྭ་དེ་སྤྱི་ཕན་རང་བཞིན་གྱི་ཁོངས་སུ་གཏོགས་ན་འཛུགས་སྐྲུན་ཚན་པས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བཟོ་སྐྲུན་དོ་དམ་གྱི་སྒྲིག་གཞི་བཟོ་སྒྲིག་དང་ཉམས་གསོའི་བཅད་གྲངས་ཀྱི་ཇུས་གཞི་བཟོས་ནས་དེ་མཚུངས་ཀྱི་སྒྲིག་གཞི་བཟོ་སྒྲིག་སྡེ་ཚན་དང་ནོར་སྲིད་སྡེ་ཚན་ལ་སྙན་སེང་ཞུས་ཏེ་ཞིབ་བཤེར་ཆོག་མཆན་ཐོབ་རྗེས། འཛུགས་སྐྲུན་ཚན་པས་རྒྱལ་ཁབ་ཀྱི་གཞི་རྩའི་འཛུགས་སྐྲུན་ལས་རིམ་གཞིར་བཟུང་། ཞིབ་མཆན་འགྲོ་ལུགས་གཞན་དག་གཉེར་དགོས།

    དོན་ཚན་བཅུ་གཅིག་པ། ཨར་ལས་ཚན་པས་ངེས་པར་དུ་ཨར་ལས་གན་རྒྱ་དང་། ཇུས་འགོད་ཡིག་ཆ། དཔེ་རིས། དེ་བཞིན་འབྲེལ་ཡོད་ལག་རྩལ་གྱི་ཚད་གཞི་བཅས་གཞིར་བཟུང་ཨར་སྐྲུན་བྱེད་དགོས་པ་ལས་ཇུས་འགོད་ཡིག་ཆ་དང་དཔེ་རིས་ལ་རང་དགར་བཟོ་བཅོས་རྒྱག་མི་ཆོག

    ཨར་སྐྲུན་ཚན་པ་དང་ཇུས་འགོད་ཚན་པས་ངེས་པར་དུ་ཨར་སྐྲུན་ཁུལ་དུ་འཐུས་མི་མངགས་ནས་ཨར་སྐྲུན་སྤུས་ཚད་དང་མྱུར་ཚད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དུ་འཇུག་དགོས། སྤུས་ཚད་ཀྱི་ཚད་གཞི་མ་ལོན་ཚེ་ཨར་སྐྲུན་ཚན་པས་ངེས་པར་དུ་བསྐྱར་སྐྲུན་ནམ་ཡང་ན་ཞན་ཆ་བཅོས་ཐབས་བྱེད་དགོས།

    དོན་ཚན་བཅུ་གཉིས་པ། ཆུ་བེད་ལས་གྲྭ་ལེགས་གྲུབ་ཟིན་རྗེས་འཛུགས་སྐྲུན་ཚན་པས་ངེས་པར་དུ་ཆུ་བེད་ལས་གྲྭར་ཞིབ་བཤེར་རྩིས་ལེན་བྱེད་པའི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་ཨར་ལས་ལེགས་གྲུབ་ཟིན་མ་ཐག་དུས་ཐོག་ཏུ་ཞིབ་བཤེར་རྩིས་ལེན་བྱེད་རེ་ཞུ་དགོས། ཞིབ་བཤེར་རྩིས་ལེན་མ་བྱས་པའམ་ཡང་ན་ཚད་གཞི་མ་ལོན་པའི་ཆུ་བེད་ལས་གྲྭའི་རིགས་རྩིས་སྤྲོད་དང་བེད་སྤྱོད་བྱེད་མི་ཆོག

    དོན་ཚན་བཅུ་གསུམ་པ། ཆུ་བེད་ལས་གྲྭའི་རྒྱུ་ནོར་ལ་དོ་དམ་བྱེད་སྐབས། བདག་དབང་ཁ་གསལ་དང་དབང་འགན་གསལ་ཐོའི་ལམ་ལུགས་ལག་བསྟར་བྱེད་དགོས།

    རྒྱལ་ཁབ་ནས་མ་འཇོག་གསར་སྐྲུན་བྱས་པའི་ཆུ་བེད་ལས་གྲྭ་ལེགས་གྲུབ་ཟིན་ནས་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་ལོན་ཚེ། འཛུགས་སྐྲུན་ཚན་པས་ངེས་པར་དུ་དེ་མཚུངས་ཀྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་ཚན་པར་ཆུ་བེད་ལས་གྲྭའི་བདག་དབང་ཐོ་འགོད་བྱས་ནས《གཞུང་ཁོངས་རྒྱུ་ནོར་བདག་དབང་གི་ཐོ་འགོད་ལག་ཁྱེར》ལེན་པའི་རེ་ཞུ་བྱེད་དགོས། མ་འཇོག་འཛུགས་སྐྲུན་བྱས་པའི་ཆུ་བེད་ལས་གྲྭ་གཞན་དག་ངེས་པར་དུ་གཏན་འབེབས་གཞིར་བཟུང་བདག་དབང་ཐོ་འགོད་བྱེད་དགོས།

    སྲོལ་ཡིག་འདི་ལག་བསྟར་མ་བྱས་གོང་བདག་དབང་ཐོ་འགོད་བྱས་མེད་པའི་རིགས། ངེས་པར་དུ་སྲོལ་ཡིག་འདི་ལག་བསྟར་བྱས་རྗེས་དུས་བཀག་ནང་བདག་དབང་ཐོ་འགོད་ཀྱི་འགྲོ་ལུགས་གསབ་གཉེར་བྱེད་དགོས།

    ལེའུ་གསུམ་པ། ལས་གྲྭའི་དོ་དམ།

    དོན་ཚན་བཅུ་བཞི་པ། རིམ་ཁག་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲི་གཞིར་བཟུང་། ཆུ་བེད་ལས་གྲྭའི་དོ་དམ་ལས་དོན་ལ་ལྟ་སྐུལ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཆུ་བེད་ལས་གྲྭའི་དོ་དམ་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། དོ་དམ་པར་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

    ཆུ་བེད་ལས་གྲྭའི་དོ་དམ་ཚན་པས་ངེས་པར་དུ་ཆུ་བེད་ལས་གྲྭའི་ལག་རྩལ་གྱི་ཡིག་ཚགས་བཟོ་དགོས་པ་དང་། དོ་དམ་བྱ་ཐབས་བཟོས་ནས་ཁྲིམས་བཞིན་དོ་དམ་བྱེད་འགན་འཁུར་དགོས།

    གྲོང་གསེབ་མཉམ་སྡེབ་ཀྱི་མ་འཇོག་གཙོ་བོར་བྱས་ནས་གསར་སྐྲུན་བྱས་པའི་ཆུ་བེད་ལས་གྲྭའི་རིགས་ལ་ཆུ་སྤྱོད་མཉམ་ལས་རྩ་འཛུགས་འཛུགས་པ་དང་། དོ་དམ་ཚན་པ་གསར་འཛུགས་སམ་ཡང་ན་དོ་དམ་པ་བསྐོ་བཞག་ཀྱང་བྱས་ཆོག་པ་མ་ཟད། དོ་དམ་བྱེད་དབང་ཡོད་པའི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས། རྩ་འཛུགས་གཞན་དག་དང་མི་སྒེར་གྱིས་མ་འཇོག་གཙོ་བོར་བྱས་ནས་གསར་སྐྲུན་བྱས་པའི་ཆུ་བེད་ལས་གྲྭའི་རིགས་ལ་སུས་མ་འཇོག་བྱས་ན་དེར་བདག་དབང་ཡོད་པ་དང་། དེར་ཁེ་ཕན་ཐོབ་པ། དེས་དོ་དམ་བྱེད་པ་བཅས་ཀྱི་རྩ་དོན་གཞིར་བཟུང་རྣམ་པ་འདྲ་མིན་སྤྱད་དེ་དོ་དམ་བྱས་ཆོག་པ་མ་ཟད། དོ་དམ་བྱེད་དབང་ཡོད་པའི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས།

    དོན་ཚན་བཅོ་ལྔ་པ། ཆུ་བེད་ལས་གྲྭའི་དོ་དམ་ཚན་པས་ཆུ་བེད་ལས་གྲྭའི་འཁོར་སྐྱོད་ལ་སྲུང་སྐྱོང་དང་བདེ་འཇགས་ཐད་དོ་དམ་བྱེད་པའི་ཞིབ་ཕྲའི་ལས་འགན་འཁུར་དགོས་ཤིང་། དེའི་འགན་འཁྲི་གཙོ་བོ་ནི།

    (གཅིག)ཆུ་བེད་ལས་གྲྭར་དོ་དམ་ཚད་ལྡན་བྱེད་པའི་བླང་བྱ་གཞིར་བཟུང་རྒྱུན་ལྡན་གྱི་དོ་དམ་ལམ་སྲོལ་དང་བཀོལ་སྤྱོད་བྱེད་སྲོལ་བཟོས་ནས་ལས་གྲྭར་ཞིབ་བཤེར་དང་། ལྟ་དཔྱད་ཚད་ལེན། ཟིན་འགོད། འབྲེལ་ཡོད་དཔྱད་ཡིག་བསྡུ་རུབ་དང་ལེགས་སྒྲིག ལས་དོན་ལ་དབྱེ་ཞིབ་བཅས་ཡག་པོ་བྱེད་དགོས་པ་དང་། ལས་གྲྭ་ཆེ་འབྲིང་དང་གལ་ཆེའི་རིགས་ལ་དུས་བཀག་ལྟར་བདེ་འཇགས་ཐད་ཀྱི་དཔྱད་འདོམས་བྱེད་དགོས།

    (གཉིས)ཆུ་བེད་ལས་གྲྭར་བདག་སྐྱོང་དང་ཉམས་གསོ་བྱས་ཏེ་ལས་གྲྭའི་སྒྲིག་བཀོད་ཆ་ཚང་ཞིང་། རྒྱུན་ལྡན་ལྟར་འཁོར་སྐྱོད་ཐུབ་པ་བྱེད་དགོས།

    (གསུམ)གནམ་གཤིས་སྔོན་བརྡ་དང་ཆུ་དཔྱད་སྔོན་བརྡ་ཤེས་རྟོགས་ཐུབ་པ་བྱས་ནས་དུས་ཐོག་ཏུ་ཆུ་ལོག་བརྡ་གཏོང་དང་། འཁོར་སྐྱོད་བཀོད་གཏོང་། ཞོད་ཐན་སྔོན་འགོག་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས།

    (བཞི)ལས་གྲྭའི་ཁུལ་སྔོ་སྒྱུར་དང་ས་ཆུ་སྲུང་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་བཅུ་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་རིམ་དབྱེ་དོ་དམ་བྱེད་པའི་རྩ་དོན་གཞིར་བཟུང་དོ་དམ་བྱེད་ཁོངས་ཀྱི་ཆུ་བེད་ལས་གྲྭར་དུས་ཐོག་ཏུ་བདེ་འཇགས་ཐད་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ལ། ཆུ་བེད་ལས་གྲྭའི་དབང་ཁོངས་ཚན་པས་སྐྱོན་ཅན་དང་ཉེན་ཡོད་ཀྱི་ཆུ་བེད་ལས་གྲྭར་ཉེན་སེལ་བརྟན་སྐྱོར་བྱས་ཏེ་ཉེན་ཁ་དུས་ཐོག་ཏུ་སེལ་དགོས།

    དོན་ཚན་བཅུ་བདུན་པ། ཆུ་བེད་ལས་གྲྭ་ཆེ་འབྲིང་གི་དོ་དམ་ཚན་པའི་འགན་འཁུར་བ་དང་ལས་གྲྭའི་དོ་དམ་ལག་རྩལ་པར་ངེས་པར་དུ་དེ་མཚུངས་ཀྱི་ཆེད་ལས་ཤེས་བྱ་དང་དོ་དམ་གྱི་ནུས་པ་ལྡན་དགོས་པ་མ་ཟད་། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཁས་ལེན་བྱེད་པའི་ལས་ཐོག་འོས་བབ་ལག་ཁྱེར་ཡང་རག་པ་བྱེད་དགོས། ལས་ཐོག་འོས་བབ་ལག་ཁྱེར་རག་མེད་ཚེ། ཆུ་བེད་ལས་གྲྭ་ཆེ་འབྲིང་ལ་དོ་དམ་བྱེད་པའི་ལས་དོན་ནང་ཞུགས་མི་ཆོག

    དོན་ཚན་བཅོ་བརྒྱད་པ། ཆུ་བེད་ལས་གྲྭའི་དོ་དམ་ཚན་པས་ངེས་པར་དུ་ལོ་འགོར་ཆུ་བེད་ལས་གྲྭའི་སྤྱོད་ཆུ་དང་འབྲུབ་འགོག་བཀོད་གཏོང་འཆར་གཞི་བཟོ་སྒྲིག་བྱེད་དགོས་པ་མ་ཟད། ས་གནས་དེ་གའི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བྱེད་དགོས། ཐོག་མའི་ཆོག་མཆན་སྤྲོད་མཁན་ཚན་པའི་མོས་མཐུན་མེད་པར་ཆོག་མཆན་ཐོབ་པའི་བཀོད་གཏོང་འཆར་གཞིར་འགྱུར་བ་གཏོང་མི་ཆོག

    ཚན་པ་གང་ཞིག་དང་མི་སུ་ཞིག་ཡིན་རུང་བཀོད་གཏོང་འཆར་གཞི་ལག་བསྟར་བྱེད་པར་འགོག་རྐྱེན་བཟོ་མི་ཆོག

    དོན་ཚན་བཅུ་དགུ་པ། ཆུ་བེད་ལས་གྲྭའི་དོ་དམ་དང་སྲུང་སྐྱོབ་བྱེད་ཁོངས།

    (གཅིག)ཆུ་མཛོད།

    1、ཆུ་མཛོད་ཆེ་གྲས་ཀྱི་ཆུ་རགས་གཙོ་བོའི་ངོས་མཐིལ་དང་ཆུ་རགས་ཕྱི་ཁུལ་གྱི་རྨིད་300དང་སྤྱིར་བཏང་ཆུ་རགས་ཀྱི་ངོས་མཐིལ་དང་ཆུ་རགས་ཕྱི་ཁུལ་གྱི་རྨིད་100ཡི་ས་ཆ་ནི་དོ་དམ་བྱེད་ཁོངས་ཡིན་པ་དང་། ཆུ་རགས་གཙོ་བོའི་དོ་དམ་བྱེད་ཁོངས་ཕུད་པའི་རྨིད་300དང་སྤྱིར་བཏང་ཆུ་རགས་ཀྱི་དོ་དམ་བྱེད་ཁོངས་ཕྱིའི་རྨིད་200ཡི་ས་ཆ་ནི་སྲུང་སྐྱོབ་བྱེད་ཁོངས་ཡིན།

    2、ཆུ་མཛོད་འབྲིང་གྲས་ཀྱི་ཆུ་རགས་གཙོ་བོ་དང་སྤྱིར་བཏང་ཆུ་རགས་ཀྱི་ངོས་མཐིལ་དང་ཆུ་རགས་ཕྱིའི་རྨིད་100ཡི་ས་ཆ་ནི་དོ་དམ་བྱེད་ཁོངས་ཡིན་པ་དང་། དོ་དམ་བྱེད་ཁོངས་དེ་ཕུད་པའི་རྨིད་200ཡི་ས་ཆ་ནི་སྲུང་སྐྱོབ་བྱེད་ཁོངས་ཡིན།

    3、ཆུ་མཛོད་ཆུང་གྲས་ཀྱི་ཆུ་རགས་གཙོ་བོ་དང་སྤྱིར་བཏང་ཆུ་རགས་ཀྱི་ངོས་མཐིལ་དང་ཆུ་རགས་ཕྱིའི་རྨིད་50ཡི་ས་ཆ་ནི་དོ་དམ་བྱེད་ཁོངས་ཡིན་པ་དང་། དོ་དམ་བྱེད་ཁོངས་དེ་ཕུད་པའི་རྨིད་100ཡི་ས་ཆ་ནི་སྲུང་སྐྱོབ་བྱེད་ཁོངས་ཡིན།

    (གཉིས)ཆུ་ལམ་འགོག་རགས།

    1、ཇུས་འགོད་ཚད་གཞི་ནི་ལོ་100ཡི་རིང་ཐུབ་པའི་ཆུ་ལོག་འགོག་རགས་ཀྱི་ཕྱི་ངོས་མཐིལ་ནས་བརྩིས་པའི་ངོས་རེའི་རྨིད་50ཡི་ས་ཆ་ནི་དོ་དམ་བྱེད་ཁོངས་ཡིན་པ་དང་། དེའི་ཁྱབ་ཁོངས་ཕུད་པའི་རྨིད་100ཡི་ས་ཆ་ནི་སྲུང་སྐྱོབ་བྱེད་ཁོངས་ཡིན།

    2、ཇུས་འགོད་ཚད་གཞི་ནི་ལོ་50རིང་ཐུབ་པའི་ཆུ་ལོག་འགོག་རགས་ཀྱི་ཕྱི་ངོས་མཐིལ་ནས་བརྩིས་པའི་ངོས་རེའི་རྨིད་30ཡི་ས་ཆ་ནི་དོ་དམ་བྱེད་ཁོངས་ཡིན་པ་དང་། དེའི་ཁྱབ་ཁོངས་ཕུད་པའི་རྨིད་50ཡི་ས་ཆ་ནི་སྲུང་སྐྱོབ་བྱེད་ཁོངས་ཡིན།

    3、ཇུས་འགོད་ཚད་གཞི་ནི་ལོ་20ནས་ལོ་30རིང་ཐུབ་པའི་ཆུ་ལོག་འགོག་རགས་ཀྱི་ཕྱི་ངོས་མཐིལ་ནས་བརྩིས་པའི་ངོས་རེའི་རྨིད་30ཡི་ས་ཆ་ནི་དོ་དམ་བྱེད་ཁོངས་ཡིན་པ་དང་། དེའི་ཁྱབ་ཁོངས་ཕུད་པའི་རྨིད་30ཡི་ས་ཆ་ནི་སྲུང་སྐྱོབ་བྱེད་ཁོངས་ཡིན།

    4、ཇུས་འགོད་ཚད་གཞི་ནི་ལོ་10ཡི་རིང་ཐུབ་པའི་ཆུ་ལོག་འགོག་རགས་ཀྱི་ཕྱི་ངོས་མཐིལ་ནས་བརྩིས་པའི་ངོས་རེའི་རྨིད་10ཡི་ས་ཆ་ནི་སྲུང་སྐྱོབ་བྱེད་ཁོངས་ཡིན།

    (གསུམ)ཆུ་འདྲེན་ཁུལ་དང་ཆུ་ཤུགས་གློག་ཁང་།

    1、ཆུ་འདྲེན་མ་ཡུར་གྱི་ངོས་མཐིལ་ཕྱི་ངོས་རྨིད་1ནས་3བར་ནི་དོ་དམ་བྱེད་ཁོངས་ཡིན་པ་དང་། དེའི་ཁྱབ་ཁོངས་ཕུད་པའི་རྨིད་5ནས་10བར་ནི་སྲུང་སྐྱོབ་བྱེད་ཁོངས་ཡིན།

    2、ཆུ་འགོག་དང་། ཆུ་བཤངས། ཆུ་འདྲེན། ཆུ་ལེན་བཅས་ཀྱི་སྒྲིག་ཆས་དང་ཆུ་ཤུགས་གློག་ཁང་སོགས་ཆུ་བེད་ལས་གྲྭའི་སྐྲུན་དངོས་ཀྱི་དོ་དམ་བྱེད་ཁོངས་ནི་ལས་གྲྭའི་མཐའ་ཐིག་ཕྱི་ངོས་ཀྱི་རྨིད་5ནས་རྨིད་10བར་དང་། ཁྱབ་ཁོངས་དེ་ཕུད་པའི་རྨིད་20ཡི་ས་ཆ་ནི་སྲུང་སྐྱོབ་བྱེད་ཁོངས་ཡིན།

    (བཞི)ཆུ་བེད་ལས་གྲྭའི་ཐོན་སྐྱེད་དང་འཚོ་བའི་ཁུལ་གྱི་དོ་དམ་བྱེད་ཁོངས་དེ་སྡོད་ཁང་འཛུགས་སྐྲུན་རྒྱ་ཁྱོན་གྱི་ལྡབ་2ལས་མི་ཉུང་བ་གཞིར་བཟུང་དབྱེ་མཚམས་འབྱེད་དགོས།

    དོན་ཚན་ཉི་ཤུ་པ། ཆུ་བེད་ལས་གྲྭའི་དོ་དམ་དང་སྲུང་སྐྱོབ་བྱེད་ཁོངས་དབྱེ་མཚམས་འབྱེད་སྟངས་འདི་ལྟ་སྟེ།

    གསར་སྐྲུན་བྱས་པའི་ཆུ་བེད་ལས་གྲྭའི་དོ་དམ་དང་སྲུང་སྐྱོབ་བྱེད་ཁོངས་དེ་ལས་གྲྭ་གནས་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདིའི་དོན་ཚན་བཅུ་དགུ་པའི་གཏན་འབེབས་གཞིར་བཟུང་དབྱེ་མཚམས་འབྱེད་དགོས།

    དེ་སྔའི་ཆུ་བེད་ལས་གྲྭའི་དོ་དམ་དང་སྲུང་སྐྱོབ་བྱེད་ཁོངས་དབྱེ་བ་ཕྱེ་ཟིན་པའི་རིགས་སྔར་བཞིན་རྒྱུན་འཛིན་བྱེད་དགོས། དབྱེ་མཚམས་ཕྱེ་མེད་པའི་རིགས། ཨར་སྐྲུན་བྱེད་སྐབས་ཀྱི་ས་ཆ་བསྡུ་སྤྱོད་བྱེད་ཁོངས་དང་ལོ་རྒྱུས་ཐོག་ཆགས་ཟིན་པའི་ས་མཚམས་གཞིར་བཟུང་། གོང་རིམ་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་ལས་གྲྭ་གནས་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་གྲོས་མོལ་བྱས་ཏེ་དབྱེ་མཚམས་འབྱེད་དགོས།

    དོ་དམ་བྱེད་ཁོངས་ནང་ཁུལ་གྱི་ས་ཆ་དབྱེ་མཚམས་ཕྱེ་ཟིན་པའི་རིགས་ངེས་པར་དུ་ཁྲིམས་ལྟར་ས་ཆ་བསྡུ་སྤྱོད་ཀྱི་འགྲོ་ལུགས་གཉེར་དགོས།

    དབྱེ་མཚམས་ཕྱེ་བའི་དོ་དམ་དང་སྲུང་སྐྱོབ་བྱེད་ཁོངས་དེ་ཆུ་བེད་ལས་གྲྭ་གནས་སའི་མི་དམངས་སྲིད་གཞུང་གིས་ས་མཚམས་གསལ་འབྱེད་བྱེད་པ་དང་སྦྲགས་མཚོན་རྟགས་བཟོ་འཛུགས་བྱེད་དགོས།

    དབྱེ་མཚམས་ཕྱེ་རྒྱུའི་ཆུ་བེད་ལས་གྲྭའི་དོ་དམ་དང་སྲུང་སྐྱོབ་བྱེད་ཁོངས་དེ་དམག་དོན་སྒྲིག་བཀོད་དང་འབྲེལ་བ་ཡོད་ཕྱིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། རྒྱལ་ཁབ་ལ་དབང་བའི་ཆུ་བེད་ལས་གྲྭའི་དོ་དམ་བྱེད་ཁོངས་ཀྱི་ས་ཆ་སྤྱོད་དབང་དེ་ལས་གྲྭའི་དོ་དམ་ཚན་པར་ཡོད་ཅིང་། དེའི་དོ་དམ་བྱེད་ཁོངས་ཀྱི་ས་ཆ་སྤྱོད་དབང་ལ་འགྱུར་ལྡོག་གཏོང་དགོས་ཚེ། ལས་གྲྭ་དོ་དམ་ཚན་པས་རེ་ཞུ་འབུལ་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ས་ཆ་སྤྱོད་དབང་ལ་འགྱུར་བ་གཏོང་བའི་འགྲོ་ལུགས་གཉེར་དགོས། འགོག་རགས་དང་ཆུ་ཡུར་དོ་དམ་བྱེད་ཁོངས་ཀྱི་ས་ཆ་དང་། དེ་བཞིན་ས་ཆའི་ཟུར་འབྱར་དངོས་པོའི་བདག་དབང་དང་སྤྱོད་དབང་ལ་སྔར་བཞིན་འགྱུར་བ་མེད།

    ཆུ་བེད་ལས་གྲྭའི་དོ་དམ་བྱེད་ཁོངས་ཀྱི་ས་ཆའི་བདག་དབང་དང་སྤྱོད་དབང་ལ་འགྱུར་བ་མེད་ཅིང་། བེད་སྤྱོད་བྱེད་སྐབས་ཆུ་བེད་ལས་གྲྭའི་བདེ་འཇགས་ལ་གནོད་སྐྱོན་གཏོང་མི་ཆོག

    དོན་ཚན་ཉེར་གཉིས་པ། ཆུ་བེད་ལས་གྲྭའི་དོ་དམ་བྱེད་ཁོངས་ནང་འཛུགས་སྐྲུན་རྣམ་གྲངས་གསར་སྐྲུན་བྱེད་དགོས་ངེས་ཡིན་ཚེ། འཛུགས་སྐྲུན་ཚན་པས་ངེས་པར་དུ་སྔོན་ལ་ལས་གྲྭའི་དོ་དམ་ཚན་པའི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་མ་ཟད། བདག་སྐྱོང་བྱེད་དབང་ཡོད་པའི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ལ་ཞིབ་བཤེར་གནང་རྒྱུར་ཕུལ་ཏེ་མོས་མཐུན་ཐོབ་པ་བྱེད་དགོས། ལས་གྲྭ་ལེགས་གྲུབ་ཟིན་རྗེས་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ངེས་པར་དུ་ཞིབ་བཤེར་རྩིས་ལེན་བྱེད་པའི་ནང་ཞུགས་དགོས།

    དོན་ཚན་ཉེར་གསུམ་པ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་འཆར་འགོད་དང་། དེ་བཞིན་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་བཟོ་སྒྲིག་དང་འཛུགས་སྐྲུན་རྣམ་གྲངས་ཆེ་རིགས་ཁྱབ་བཀོད་བྱེད་སྐབས་ངེས་པར་དུ་ས་གནས་དེ་གའི་ཆུའི་ཐོན་ཁུངས་ཀྱི་ཆ་རྐྱེན་ནམ་འབྲུབ་འགོག་གི་བླང་བྱ་དང་འཚམ་མཐུན་ཐུབ་པ་བྱ་རྒྱུ་མ་ཟད། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱེད་དགོས།

    དོན་ཚན་ཉེར་བཞི་པ། ཆུ་རགས་ལས་གྲྭའི་དོ་དམ་བྱེད་ཁོངས་སུ་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་རྗེས་ལས་གྲྭའི་བདེ་འཇགས་དང་། ཆུ་ལོག་རྒྱུགས་ཁུལ་གྱི་བདེ་འཇགས། འབྲུབ་འགོག་ཉེན་སེལ་བཅས་ལ་ཤུགས་རྐྱེན་ཚབས་ཆེ་བཟོ་བའི་སྒྲིག་བཀོད་རིགས། ལས་གྲྭ་གནས་སའི་རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་འབྲུབ་འགོག་གཙོ་འགན་སྡེ་ཚན་དང་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་འགལ་རྐྱེན་གཙང་སེལ་གྱི་ས་མཚམས་དབྱེ་འབྱེད་གཏན་འཁེལ་བྱེད་དགོས་པ་དང་། འགན་རྐྱེན་བཟོ་མཁན་ཚན་པས་གཏན་འཁེལ་དུས་ཚད་ནང་གཙང་སེལ་བྱེད་འགན་འཁུར་ཏེ་ཆུ་ལོག་རྒྱུགས་ཁུལ་བདེ་འཇགས་ཡོང་ཐུབ་པ་དང་འབྲུབ་འགོག་ཉེན་སེལ་བྱེད་ལམ་བཤངས་ཐུབ་པ་བྱེད་དགོས།

    དོན་ཚན་ཉེར་ལྔ་པ། ཚན་པ་གང་ཞིག་དང་མི་སུ་ཞིག་ཡིན་རུང་ཆུ་བེད་ལས་གྲྭའི་དོ་དམ་བྱེད་ཁོངས་ནང་གཤམ་གསལ་གྱི་བྱ་སྤྱོད་སྤེལ་མི་ཆོག་པ་སྟེ།

    (གཅིག) འབར་གཏོར་བྱེད་པ་དང་། ཁྲོན་པ་འདྲུ་བ། བྱེ་རྡོ་བསྔོག་པ། ས་ལེན་པ། རགས་སྐོར་འདེབས་འཛུགས་བྱེད་པ། ཆུ་རྫིང་སྐྲུན་ནས་གསོ་སྤེལ་བྱེད་པ་སོགས་ཆུ་བེད་ལས་གྲྭའི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་བྱ་སྤྱོད་རིགས་དང་།

    (གཉིས) སྐྲུན་དངོས་འཛུགས་སྐྲུན་དང་། གད་སྙིགས་དང་། ཚིག་རོ། དུག་ཅན་གནོད་ལྡན་ཆུ་སྙིགས། ཟོག་རོ་བཅས་བཤོ་བ་དང་། ཆུ་ལ་བཙོག་སྐྱོན་བཟོ་བའི་དངོས་རིགས་སྤུང་གསོག་དང་ས་སྦས་གཏོང་བ། དུག་ལྡན་དང་སྦགས་བཙོག་ཡོད་པའི་འཕྲུལ་འཁོར་དང་སྣོད་ཆས་གཙང་འཁྲུ་བཅས་བྱེད་རིགས།

    (གསུམ) ཆུ་རགས་དང་། ཆུ་སྒོ། ཆུ་ཤུགས་གློག་ཁང་། ཆུ་ལམ་སོགས་ཆུ་བེད་ལས་གྲྭའི་འཛུགས་སྐྲུན་དངོས་པོ་དང་། དེ་བཞིན་ཆུ་དཔྱད་ཚད་ལེན་དང་། འཕྲིན་གཏོང་། གློག་སྒྲོན། འགྲིམ་འགྲུལ་སོགས་ཞོར་གཏོགས་སྒྲིག་བཀོད་ལ་གཏོར་སྐྱོན་གཏོང་རིགས།

    (བཞི) ཆུ་འགག་དང་། ཆུ་རགས། ཆུ་སྒོའི་འགྲུལ་ཟམ་བཅས་ཀྱི་ཐོག་ལྕགས་ཐག་ཅན་གྱི་འཕྲུལ་ཆས་དང་། འཁོར་མཁྲེགས་རླངས་འཁོར། ལྗིད་ཚད་བརྒལ་བའི་རླངས་འཁོར་བཅས་གཏོང་བ་དང་། བཟོ་སྐྲུན་ཇུས་འགོད་བྱེད་སྐབས་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་ནུས་ལ་བསམ་གཞིགས་མ་བྱས་པའི་ཆུ་འགག་དང་ཆུ་རགས་ཐོག་རླངས་འཁོར་གཏོང་རིགས།

    (ལྔ) ཆུ་ལོག་བརྡ་གཏོང་དང་འཕྲིན་གཏོང་གློག་སྐུད་ཐོག་རླུང་འཕྲིན་བཪྙན་འཕྲིན་གྱི་གློག་སྐུད་འཁྲིད་རིགས།

    (དྲུག) དོ་དམ་པ་མིན་པའི་མི་སྣས་ཆུ་སྒོ་དང་། དེ་མིན་གྱི་ཆུ་གསོག ཆུ་འཐེན། ཆུ་འདྲེན། ཆུ་བགོས་བཅས་ཀྱི་སྒྲིག་ཆས་སྤྱད་དེ་ཡུར་བུ་འདྲུས་ནས་ཆུ་སྒོ་གཏོར་བརླག་གཏོང་བ་དང་། ཡུར་ཆུ་བཀག་པ། བཙན་ཤེད་ཀྱིས་ཆུ་འདྲེན་པ་བཅས་བྱེད་རིགས།

    (བདུན) ཆུ་ཁ་མཐོ་ཚད་ལས་བརྒལ་ཏེ་ཆུ་གསོག་པའམ་ཡང་ན་རང་འཚམ་གྱིས་ཆུ་གློད་ནས་ཆུ་བེད་ལས་གྲྭ་རྒྱུན་ལྡན་ལྟར་འཁོར་སྐྱོད་དམ་ཡང་ན་ཆུ་གསོག་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་རིགས།

    ཆུ་བེད་ལས་གྲྭ་སྲུང་སྐྱོབ་བྱེད་ཁོངས་ནང་ཆུ་ལེན་པ་དང་། གསོར་འབིགས་རྩད་ཞིབ་བྱེད་པ། གཏེར་ཁ་སྔོག་འདོན་བྱེད་པ་སོགས་ཀྱི་ལས་ཀ་བྱེད་དགོས་ཚེ། ངེས་པར་དུ་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་ནམ་ཡང་ན་དེའི་དབང་བཅོལ་དོ་དམ་ཚན་པའི་ཆོག་མཆན་ཐོབ་དགོས་པ་མ་ཟད། ཆོག་མཆན་ཐོབ་པའི་ཁྱབ་ཁོངས་དང་ལས་ཀའི་བྱེད་ཐབས་ལྟར་སྒྲུབ་དགོས།

    ལེའུ་བཞི་པ། ལས་གྲྭའི་གཉེར་སྐྱོང་།

    དོན་ཚན་ཉེར་དྲུག་པ། ཆུ་བེད་ལས་གྲྭའི་དོ་དམ་ཚན་པ་དེ་ལ་སྤྱི་ཕན་རང་བཞིན་དང་སྤྱི་ཕན་རང་བཞིན་མ་ཡིན་པ་གཉིས་སུ་དབྱེ་ཡོད།

    ཆུ་ལོག་སྔོན་འགོག་བྱེད་པ་དང་། ཆུ་གཏོང་བ། འཁྱིལ་ཆུ་བཅོས་པ། ཆུའི་ཐོན་ཁུངས་སྲུང་སྐྱོབ་བྱེད་པ། ས་ཆུ་སྲུང་འཛིན་བྱེད་པ་སོགས་ནི་སྤྱི་ཕན་རང་བཞིན་གྱི་ལས་གྲྭ་ཡིན་པ་དང་། དེར་མཁོ་བའི་དོ་དམ་པའི་འགྲོ་གྲོན་དང་། ཉམས་གསོ་བདག་སྐྱོང་འགྲོ་གྲོན། དེ་བཞིན་སྒྱུར་བཟོ་བྱེད་པའི་འགྲོ་གྲོན་བཅས་རིམ་མཚུངས་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་ནང་འཇུག་དགོས།

    ཆུ་མཁོ་འདོན་དང་། གློག་གཏོང་གཉེར་སྐྱོང་། ཆུ་ཐོན་གསོ་སྤེལ། ཆུ་བེད་ཡུལ་སྐོར་སོགས་ནི་སྤྱི་ཕན་རང་བཞིན་མ་ཡིན་པའི་ཆུ་བེད་ལས་གྲྭ་ཡིན་ཞིང་། དེར་མཁོ་བའི་དོ་དམ་པའི་འགྲོ་གྲོན་དང་ཉམས་གསོ་བདག་སྐྱོང་གི་འགྲོ་གྲོན། དེ་བཞིན་སྒྱུར་བཟོ་བྱེད་པའི་འགྲོ་གྲོན་བཅས་ལས་གྲྭ་དེ་གའི་ཁེ་ཕན་ཐོབ་མཁན་གྱིས་སྤྲོད་འགན་འཁུར་དགོས།

    དོན་ཚན་ཉེར་བདུན་པ། སྤྱི་ཕན་རང་བཞིན་གྱི་ཆུ་བེད་ལས་གྲྭའི་དོ་དམ་ཚན་པས་ཚོང་གཉེར་བྱེད་སྒོ་སྤེལ་མི་ཆོག སྤྱི་ཕན་རང་བཞིན་མ་ཡིན་པའི་ཆུ་བེད་ལས་གྲྭའི་དོ་དམ་ཚན་པས་ལས་གྲྭའི་བདེ་འཇགས་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་འོག ཆུ་བེད་ལས་གྲྭའི་ཐོན་ཁུངས་དང་། སྒྲིག་ཆས། ལག་རྩལ་སོགས་ཀྱི་ལེགས་ཆ་སྤྱད་དེ་ཆུ་མཁོ་འདོན་དང་། གློག་གཏོང་བ། གསོ་སྤེལ་བྱེད་པ། འདེབས་འཛུགས་བྱེད་པ། ཡུལ་སྐོར་སོགས་སྣེ་མང་གཉེར་སྐྱོང་བྱས་ཆོག

    སྤྱི་ཕན་རང་བཞིན་གྱི་ཆུ་བེད་ལས་གྲྭའི་གཉེར་སྐྱོང་མིན་པའི་ཡོང་འབབ་ལ་གཏོང་ཡོང་རྩིས་ཁུངས་ཁག་དབྱེའི་དོ་དམ་ལག་བསྟར་བྱེད་དགོས།

    སྤྱི་ཕན་རང་བཞིན་མིན་པའི་ཆུ་བེད་ལས་གྲྭའི་གཉེར་སྐྱོང་ཡོང་འབབ་ཀྱི་བརྒྱ་ཆ་དྲུག་ཅུ་དེ་ངེས་པར་དུ་ཆུ་རྩ་གསོ་འཁྱོངས་ཀྱི་མ་དངུལ་ལ་བརྩིས་ནས་ཆེད་སྤྱོད་རྩིས་ཁྲའི་ནང་བཅུག་པ་དང་ཆེད་དངུལ་ཆེད་སྤྱོད་བྱེད་དགོས།

    དོན་ཚན་ཉེར་བརྒྱད་པ། ཆུ་བེད་ལས་གྲྭའི་དོ་དམ་ཚན་པས་ཆུ་མཁོ་འདོན་གཉེར་སྐྱོང་བྱེད་སྐབས། ངེས་པར་དུ་སྔོན་ལ་འཚོ་བའི་སྤྱོད་ཆུ་འདང་ངེས་མཁོ་འདོན་བྱས་ཐོག སྐྱེ་ཁམས་ཀྱི་སྤྱོད་ཆུ་དང་། བཟོ་ལས་ཐད་ཀྱི་སྤྱོད་ཆུ་དང་སྤྱོད་ཆུ་གཞན་དག་འགན་ལེན་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་གཅིག་གྱུར་ཐོག་བཀོད་གཏོང་དང་གཅིག་གྱུར་ཐོག་ཆུའི་འབོར་ཚད་བགོས་འགྲེམས་དང་མཁོ་འདོན་བྱེད་དགོས།

    ཆུ་བེད་ལས་གྲྭའི་དོ་དམ་ཚན་པས་ངེས་པར་དུ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆུ་སྤྱོད་ཚན་པ་དང་མི་སྒེར་གྱི་ས་ནས་ཆུ་རིན་བསྡུས་ཆོག

    དོན་ཚན་ཉེར་དགུ་པ། ཆུ་བེད་ལས་གྲྭ་བདེ་འཇགས་ཡོང་ཐུབ་པ་དང་དེའི་ནུས་པ་འགན་ལེན་ཐུབ་པ། དེ་བཞིན་རྒྱུ་ནོར་གྱི་གནས་ཐང་སྲུང་འཕར་ཐུབ་པའི་སྔོན་འགྲོའི་འོག རྒྱལ་ཁབ་ལ་དབང་བའི་ཚོང་གཉེར་རང་བཞིན་གྱི་ཆུ་བེད་ལས་གྲྭར་མ་རྐང་མཉམ་ལས་ཀྱི་ཚོང་གཉེར་བྱ་ཐབས་སྤྱད་ཆོག རྒྱལ་ཁབ་དང་མཉམ་སྡེབ་ལ་དབང་བའི་ཆུ་བེད་ལས་གྲྭ་ཆུང་གྲས་རིགས་འགན་གཙང་སྤྲོད་པ་དང་བོགས་མར་གཏོང་བའམ་ཡང་ན་ཧབ་འཚོང་སྐུལ་བའི་བྱ་ཐབས་སྤྱད་ཆོག

    དོན་ཚན་སུམ་ཅུ་པ། མཉམ་སྡེབ་ལ་དབང་བའི་ཆུ་བེད་ལས་གྲྭ་ཆུང་གྲས་རིགས་འགན་གཙང་ལེན་པ་དང་། བོགས་མར་གཏོང་བ། ཧབ་འཚོང་སྐུལ་བ་བཅས་བྱེད་དགོས་ཚེ། ངེས་པར་དུ་མང་ཚོགས་ཀྱིས་རང་མོས་དང་། ཡོངས་བསྒྲགས། གཞུང་དྲང་། དྲང་གཞག་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། རྒྱལ་ཁབ་ལ་དབང་བའི་ཆུ་བེད་ལས་གྲྭ་ཆུང་གྲས་རིགས་རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱེད་པའི་གཏན་འབེབས་གཞིར་བཟུང་འགན་གཙང་སྤྲོད་པ་དང་། བོགས་མར་གཏོང་བ། ཧབ་འཚོང་སྐུལ་བ་བཅས་བྱེད་དགོས།

    མཉམ་སྡེབ་ལ་དབང་བའི་ཆུ་བེད་ལས་གྲྭའི་ཧབ་འཚོང་སྐུལ་ནས་བྱུང་བའི་མ་དངུལ་དེ་དག་ངེས་པར་དུ་ཆེད་སྤྱོད་རྩིས་ཁྲའི་ནང་བཅུགས་ནས་ས་གནས་དེ་གའི་ཆུ་བེད་ལས་གྲྭ་ཆུང་གྲས་ཉམས་གསོ་དང་། དོ་དམ། བདག་སྐྱོང་བཅས་བྱ་རྒྱུའི་ཐད་ཆེད་དུ་སྤྱོད་དགོས། རྒྱལ་ཁབ་ལ་དབང་བའི་ཆུ་བེད་ལས་གྲྭ་ཧབ་འཚོང་སྐུལ་ནས་བྱུང་བའི་མ་དངུལ་དེ་ངེས་པར་དུ་ཆུ་བེད་འཛུགས་སྐྲུན་གྱི་ཐེབས་རྩའི་དོ་དམ་བྱེད་ཁོངས་སུ་བཅུག་ནས་ས་ཆ་དེ་གའི་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུའི་ཐད་སྤྱོད་དགོས།

    ལེའུ་ལྔ་པ། བཅའ་ཁྲིམས་ཀྱི་འགན་འཁྲི།

    དོན་ཚན་སོ་གཅིག་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་པའི་ནང་གསེས་དང་པོ་དང་དོན་ཚན་ཉེར་གཉིས་པའི་གཏན་འབེབས་ལས་འགལ་ཚེ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཁྲིམས་འགལ་བྱ་སྤྱོད་རིགས་མཚམས་འཇོག་བྱེད་དུ་འཇུག་དགོས་པ་མ་ཟད། གསབ་བཅོས་བྱ་ཐབས་སྤྱོད་དགོས་ལ་དངུལ་ཆད་སྒོར་5000ཡན་ནས་ སྒོར་10000མན་བཅད་ཆོག

    དོན་ཚན་སོ་གཉིས་པ། སྲོལ་ཡིག་འདིའི་དོན་ཚན་བཅོ་བརྒྱད་པའི་གཏན་འབེབས་ལས་འགལ་ནས་བཀོད་གཏོང་འཆར་གཞི་རང་འཚམ་གྱིས་བཟོ་བཅོས་རྒྱག་པའམ་ཡང་ན་འཆར་གཞི་ལག་བསྟར་བྱེད་པར་འགོག་རྐྱེན་བཟོས་ཚེ། རྫོང་རིམ་ཡན་་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཐ་ཚིག་སྒྲོག་དགོས་པ་མ་ཟད་གསབ་བཅོས་བྱ་ཐབས་སྤྱོད་དུ་འཇུག་དགོས་ལ། དངུལ་ཆད་སྒོར་1000བཅད་ཆོག

    དོན་ཚན་སོ་གསུམ་པ། སྲོལ་ཡིག་འདིའི་དོན་ཚན་ཉེར་ལྔའི་ནང་འཁོད་པའི་བྱ་སྤྱོད་ཡོད་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ལམ་དོ་དམ་སྲོལ་ཡིག》སོགས་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཁྲིམས་ཆད་གཅོད་དགོས།

    དོན་ཚན་སོ་བཞི་པ། ཆུ་བེད་ལས་གྲྭའི་འཛུགས་སྐྲུན་གྱི་འགྲོ་གྲོན་དང་ཉམས་གསོ་བདག་སྐྱོང་གི་འགྲོ་གྲོན། ཆུ་རིན། ཆུ་བེད་ལས་གྲྭའི་གསབ་རིན་དང་ཚབ་རིན། ཆུ་བེད་ལས་གྲྭ་འགན་གཙང་ལེན་པ་དང་། བོགས་མར་གཏོང་བ། ཧབ་འཚོང་སྐུལ་བ་བཅས་ཀྱི་མ་དངུལ་བཀག་ཉར་དང་། སྒེར་སྤྱོད། ལྐོག་ཟ་བཅས་བྱས་ཚེ། རང་ལས་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་གྱིས་ཕྱིར་སློག་དང་ཚབ་རིན་འཇལ་དུ་འཇུག་དགོས་པ་མ་ཟད། ཚན་པ་དང་མི་སྒེར་གྱི་སྲིད་འཛིན་འགན་འཁྲི་ཁྲིམས་ལྟར་བདའ་འདེད་གཏོང་དགོས། ཉེས་གསོག་གི་ཚད་ལ་སླེབས་ཚེ། ཁྲིམས་བཞིན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས།

    དོན་ཚན་སོ་ལྔ་པ། ལས་གྲྭའི་དོ་དམ་འགན་འཁྲི་ཡོད་པའི་ཆུ་བེད་ལས་གྲྭའི་དོ་དམ་པས་ཁྲིམས་བཞིན་ལས་དོན་སྒྲུབ་སྐབས་འགོག་རྐྱེན་བཟོ་བ་དང་། ཉེས་རྡུང་གཏོང་བ། དེ་བཞིན་བསམ་ངན་བཅངས་ནས་ཆུའི་རྩོད་གཞི་སློང་བ། ཆུ་བེད་ལས་གྲྭའི་དོ་དམ་པར་བཙན་སྐུལ་གྱིས་ལས་གྲྭའི་སྒྲིག་ཆས་འཁོར་སྐྱོད་ལ་ཚོད་འཛིན་བྱེད་པའི་ཇུས་གཞིར་བཟོ་བཅོས་རྒྱག་ཏུ་འཇུག་པ། འབྲུབ་འགོག་རྒུད་སྐྱོབ་ཀྱི་བཀའ་རྒྱ་ལག་བསྟར་གཏན་ནས་མི་བྱེད་པ་བཅས་ཀྱི་ཐད་ཀའི་འགན་འཁུར་བ་དང་དོན་རྐྱེན་བཟོ་མཁན་ལ་བདེ་འཇགས་དོ་དམ་ཐད་ཀྱི་ཆད་གཅོད་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་དགོས་པ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས།

    དོན་ཚན་སོ་དྲུག་པ། མི་དམངས་སྲིད་གཞུང་ཆུའི་སྲིད་འཛིན་གཙོ་འགན་སྡེ་ཚན་དང་ཆུ་བེད་ལས་གྲྭའི་དོ་དམ་ཚན་པའི་ལས་བྱས་རང་འགན་སྣང་མེད་དུ་འཇོག་པ་དང་། དབང་ཆ་གང་བྱུང་དུ་སྤྱོད་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ཚེ། རང་གནས་སའི་ཚན་པའམ་ཡང་ན་གོང་རིམ་གཙོ་འགན་ལས་ཁུངས་ཀྱིས་སྲིད་འཛིན་ཆད་པ་གཅོད་དགོས་པ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་དགོས།

    དོན་ཚན་སོ་བདུན་པ། དོ་བདག་གིས་སྲིད་འཛིན་ཆད་གཅོད་ཀྱི་གཏན་འབེབས་ལ་བློ་མོས་མེད་ཚེ། ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་བྱེད་པའི་རེ་བ་ཞུ་བའམ་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱེད་པའི་རེ་བ་ཞུས་ཆོག དོ་བདག་གིས་དུས་ཚོད་ཡོལ་ཡང་བསྐྱར་གྲོས་བྱེད་པའི་རེ་བ་མ་ཞུས་པའམ་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་མ་བྱས་པ་མ་ཟད། ཆད་གཅོད་གཏན་འབེབས་ཀྱང་ལག་བསྟར་མ་བྱས་ཚེ། ཆད་གཅོད་གཏན་འབེབས་ཞིབ་ཕྲ་བྱེད་མཁན་ལས་ཁུངས་ནས་མི་དམངས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་འཇུག་རྒྱུའི་རེ་ཞུ་འདོན་ཆོག

    ལེའུ་དྲུག་པ། ཞར་བྱུང་།

    དོན་ཚན་སོ་བརྒྱད་པ། སྲོལ་ཡིག་འདི་2007ལོའི་ཟླ12ཚེས་1ཉིན་ནས་བཟུང་ལག་བསྟར་བྱས།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།