དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • བོད་རང་སྐྱོང་ལྗོངས་ཀྱི་གནམ་དཔྱད་སྲོལ་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-11

    (2002ལོའི་ཟླ་7ཚེས་26ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2006ལོའི་ཟླ་11ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བདུན་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་གནམ་དཔྱད་སྲོལ་ཡིག〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་དང་པོ་བྱས། 2022ལོའི་ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག《〈བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་དྲུག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས)

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

    〔2023〕ཡིག་ཨང་5པ།

    《བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་དྲུག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་འདི་2022ལོའི་ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞིང་། ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུར་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2023ལོའི་ཟླ་དང་པོའི་ཚེས་18ལ།

    དོན་ཚན་དང་པོ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གནམ་དཔྱད་བཅའ་ཁྲིམས》དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་དུ་གནམ་གཤིས་ལྟ་དཔྱད་བྱེད་པ་དང་། སྔོན་བརྡ་གཏོང་བ། ཞབས་ཞུ་སྒྲུབ་པ་བཅས་དང་། དེ་བཞིན་གནམ་གཤིས་ཀྱི་གནོད་འཚེ་འགོག་ཟོན་དང་། གནམ་གཤིས་ཀྱི་ཐོན་ཁུངས་གསར་སྤེལ་བེད་སྤྱོད། གནམ་གཤིས་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་སོགས་ཐད་ཀྱི་བྱེད་སྒོ་སྤེལ་བར་ངེས་པར་དུ་སྲོལ་ཡིག་འདིར་བརྩི་སྲུང་ཞུ་དགོས།

    དོན་ཚན་གསུམ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནམ་དཔྱད་ལས་དོན་ལ་འགོ་ཁྲིད་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་གནམ་དཔྱད་བྱ་གཞག་གོང་འཕེལ་གཏོང་བ་དང་། ས་གནས་ཀྱི་གནམ་དཔྱད་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ས་གནས་ཀྱི་གནམ་དཔྱད་བྱ་གཞག་གོང་འཕེལ་གཏོང་རྒྱུའི་དགོས་མཁོར་གཞིགས་ཏེ་ས་གནས་ཀྱི་གནམ་དཔྱད་བྱ་གཞག་ཐད་ཀྱི་རྣམ་གྲངས་ལ་གཏོང་ཆ་རིམ་པས་མང་དུ་གཏོང་དགོས།

    རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གཞི་རིམ་གྱི་གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱི་འཛུགས་སྐྲུན་དང་ལས་གཉེར་འཁོར་སྐྱོད་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་དགོས་ཤིང་། གནམ་གཤིས་ཀྱི་ཆ་འཕྲིན་ཞབས་ཞུ་དང་། ཚན་རིག་ཞིབ་འཇུག གནམ་གཤིས་ཀྱི་གནོད་འཚེ་འགོག་ཟོན། འཚོ་བའི་སྒྲིག་བཀོད་སོགས་དང་འབྲེལ་བ་ཡོད་པའི་གཞི་རྩའི་འཛུགས་སྐྲུན་གྱི་རྣམ་གྲངས་དང་སྤྱི་ཚོགས་འགན་སྲུང་གི་ལམ་ལུགས་དོན་འཁྱོལ་བྱ་རྒྱུ་དེ་ས་གནས་དེ་གའི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་དགོས།

    རིམ་ཁག་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་གནམ་དཔྱད་གཙོ་འགན་ཚན་པར་གཞོགས་འདེགས་བྱས་ནས་གནམ་དཔྱད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་བཞི་པ། རིམ་ཁག་གནམ་དཔྱད་གཙོ་འགན་ཚན་པས་གོང་རིམ་གནམ་དཔྱད་གཙོ་འགན་ཚན་པ་དང་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་གནམ་དཔྱད་ལས་དོན་སྒྲུབ་འགན་འཁུར་དགོས།

    གནམ་དཔྱད་གཙོ་འགན་ཚན་པའི་ཁོངས་གཏོགས་མ་ཡིན་པའི་གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱིས་ངེས་པར་དུ་ས་གནས་དེ་གའི་གནམ་དཔྱད་གཙོ་འགན་ཚན་པའི་ལྟ་སྐུལ་དང་། མཛུབ་ཁྲིད། ལས་རིགས་དོ་དམ་བཅས་དང་ལེན་ཞུ་དགོས།

    དོན་ཚན་ལྔ་པ། ཕྱི་རྒྱལ་གྱི་རྩ་འཛུགས་དང་མི་སྒེར་གྱིས་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་གནམ་དཔྱད་བྱེད་སྒོ་སྤེལ་དགོས་ཚེ་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གནམ་དཔྱད་གཙོ་འགན་ཚན་པ་བརྒྱུད་དགོས་ལ་འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གཞན་དག་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གཞན་དག དེ་བཞིན་རྩ་འཛུགས་གཞན་དག་དང་མི་སྒེར་བཅས་ཀྱིས་གནམ་གཤིས་ལས་ཁུངས་དང་ས་ཚུགས་གསར་འཛུགས་བྱས་ཚེ་ངེས་པར་དུ་གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱི་འབྲེལ་ཡོད་གཏན་འབེབས་དང་། ཚད་གཞི། ཚད་བཅད་བཅས་ལག་བསྟར་བྱེད་དགོས་པ་དང་། ལས་སྒོ་གཉེར་རྗེས་ཀྱི་ཟླ་གསུམ་ནང་ངེས་པར་དུ་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པར་སྙན་ཐོ་དཔོ་དགོས།

    སློབ་ཁྲིད་དང་། ཚན་རིག་ཞིབ་འཇུག ཚན་རིག་ཁྱབ་གདལ་སོགས་ཀྱི་ཆེད་དུ་སྐབས་ཐོག་གི་གནམ་གཤིས་ལྟ་དཔྱད་ཚད་ལེན་བྱེད་དགོས་ཚེ་ལས་སྒོ་གཉེར་རྗེས་ཀྱི་ཟླ་གསུམ་ནང་ངེས་པར་དུ་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པར་སྙན་ཐོ་དཔོ་དགོས།

    དོན་ཚན་དྲུག་པ། རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པས་ངེས་པར་དུ་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་ཀྱིས་ས་གནས་ཀྱི་གནམ་དཔྱད་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་འགོད་བཟོས་ཏེ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱེད་དགོས། ས་གནས་ཀྱི་གནམ་དཔྱད་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་འགོད་ལེགས་སྒྲིག་དང་བཟོ་བཅོས་བྱེད་དགོས་ཚེ་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་དགོས།

    དོན་ཚན་བདུན་པ། གཤམ་གསལ་གནམ་དཔྱད་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་གལ་ཆེན་རིགས་ལ་རྣམ་གྲངས་ཀྱི་གྲོས་འཆར་ཞུ་ཡིག་དང་ལག་ལེན་བསྟར་འཐུས་ཀྱི་ཞིབ་འཇུག་སྙན་ཞུར་ཆོག་མཆན་མ་ཞུས་གོང་ངེས་པར་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གནམ་དཔྱད་གཙོ་འགན་ཚན་པའམ་ཡང་ན་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པའི་བསམ་འཆར་བསྡུ་ལེན་བྱེད་དགོས་པ་སྟེ།

    (གཅིག)གནམ་དཔྱད་ལེ་ཏ་དང་གནམ་དཔྱད་སྲུང་སྐར་གྱི་ས་ངོས་བསྡུ་ལེན་མ་ལག་སོགས་གནམ་གཤིས་ལྟ་དཔྱད་ཀྱི་སྒྲིག་བཀོད་ཆེ་རིགས་དང་།

    (གཉིས)སྲུང་སྐར་འཕྲིན་གཏོང་སོགས་གནམ་གཤིས་ཆ་འཕྲིན་གཏོང་སྤེལ་གྱི་ཆེད་སྤྱོད་སྒྲིག་བཀོད་ཆེ་རིགས།

    (གསུམ)རྒྱལ་སྲིད་སྤྱི་ཁྱབ་ཁང་གནམ་དཔྱད་གཙོ་འགན་ཚན་པའམ་ཡང་ན་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པས་གཏན་འཁེལ་བྱས་པའི་གལ་ཆེའི་གནམ་དཔྱད་སྒྲིག་བཀོད་གཞན་དག་བཅས་སོ།

    དོན་ཚན་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནམ་གཤིས་ལྟ་དཔྱད་ཀྱི་ཁོར་ཡུག་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་ལྟར་དབྱེ་མཚམས་བཅད་པའི་གནམ་གཤིས་ལྟ་དཔྱད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཁོངས་དེ་གྲོང་ཁྱེར་གྲོང་རྡལ་གྱི་འཆར་འགོད་ནང་འཇུག་དགོས།

    རིམ་ཁག་མི་དམངས་སྲིད་གཞུང་དང་དེའི་གྲོང་ཁྱེར་འཛུགས་སྐྲུན་དང་། འཆར་འགོད། རང་བྱུང་ཐོན་ཁུངས་སོགས་སྡེ་ཚན་གྱིས་ངེས་པར་དུ་གནམ་གཤིས་ལྟ་དཔྱད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཁོངས་ཀྱི་ཚད་གཞི་ལག་བསྟར་ནན་པོ་བྱེད་དགོས།

    དོན་ཚན་དགུ་པ། གནམ་གཤིས་ལྟ་དཔྱད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཁོངས་ནང་ཕྱུགས་རིགས་འཚོ་བ་དང་གཏེར་ཁ་སྔོག་འདོན་བྱེད་པ་སོགས་གནམ་གཤིས་ལྟ་དཔྱད་ཀྱི་བྱེད་སྒོར་གནོད་སྐྱོན་བཟོ་བའི་བྱེད་སྤྱོད་རིགས་སྤེལ་མི་ཆོག

    རྩ་འཛུགས་དང་མི་སྒེར་ཚང་མར་གནམ་དཔྱད་ཀྱི་སྒྲིག་བཀོད་དང་གནམ་གཤིས་ལྟ་དཔྱད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུའི་འོས་འགན་ཡོད་པ་དང་། གནམ་དཔྱད་ཀྱི་སྒྲིག་བཀོད་དང་གནམ་གཤིས་ལྟ་དཔྱད་ཀྱི་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་རིགས་ཐེར་འདོན་བྱེད་དབང་ཡོད།

    དོན་ཚན་བཅུ་པ། གྲོང་ཁྱེར་འཆར་འགོད་བྱེད་དགོས་པའམ་ཡང་ན་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱེད་དགོས་པའི་རྐྱེན་གྱིས་སྤྱིར་བཏང་གི་གནམ་གཤིས་ལས་ཁུངས་དང་ས་ཚུགས། དེ་བཞིན་སྒྲིག་བཀོད་གནས་སྤོ་བྱེད་དགོས་ཚེ་ངེས་པར་དུ་སྔོན་ཚུད་ནས་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པར་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་དགོས་པ་དང་། རྒྱལ་ཁབ་ཀྱི་གཞི་འཛིན་གནམ་གཤིས་ས་ཚུགས་དང་། གཞི་རྩའི་གནམ་གཤིས་ས་ཚུགས་དང་དེའི་སྒྲིག་བཀོད་གནས་སྤོ་བྱེད་དགོས་ཚེ་ངེས་པར་དུ་སྔོན་ཚུད་ནས་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པ་བརྒྱུད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གནམ་དཔྱད་གཙོ་འགན་ཚན་པར་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་དགོས། གནམ་གཤིས་ལས་ཁུངས་དང་ས་ཚུགས། དེ་བཞིན་སྒྲིག་བཀོད་གནས་ཡུལ་གསར་པར་སྤོས་ནས་བེད་སྤྱོད་གཏོང་འགོ་ཚུགས་རྗེས་འཛུགས་སྐྲུན་རྣམ་གྲངས་གཞི་ནས་ལས་འགོ་ཚུགས་ཆོག གནམ་གཤིས་ལས་ཁུངས་དང་ས་ཚུགས། དེ་བཞིན་སྒྲིག་བཀོད་བཅས་གནས་སྤོར་མཁོ་བའི་གནས་སྤོ་འཛུགས་སྐྲུན་གྱི་གྲོན་དངུལ་དེ་འཛུགས་སྐྲུན་བྱེད་མཁན་ཚན་པས་འགན་ལེན་བྱེད་དགོས།

    དོན་ཚན་བཅུ་གཅིག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གནམ་དཔྱད་གཙོ་འགན་ཚན་པས་ཞིབ་བཤེར་བྱས་པ་བརྒྱུད་ཚད་གཞི་མ་ལོན་པའི་གནམ་དཔྱད་ཀྱི་ཆེད་སྤྱོད་ལག་རྩལ་སྒྲིག་ཆས་རིགས་གནམ་དཔྱད་ལས་སྒོའི་ནང་སྤྱོད་མི་ཆོག

    རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པས་ངེས་པར་དུ་གནམ་དཔྱད་ཀྱི་ཆེད་སྤྱོད་ལག་རྩལ་སྒྲིག་ཆས་དང་གནམ་དཔྱད་ཀྱི་ཚད་འཇལ་ཡོ་ཆས་ལག་རྩལ་གྱི་ཚད་གཞི་ལོན་མིན་ལ་དུས་བཀག་བཞིན་ཞིབ་བཤེར་བྱེད་དགོས།

    གནམ་དཔྱད་ཚད་འཇལ་ཞིབ་གཏན་ཚན་པས་ཞིབ་བཤེར་བྱས་ཏེ་ཚད་གཞི་མ་ལོན་པའམ་ཡང་ན་ཞིབ་གཏན་གོ་ཆོད་ཡུན་ཚད་ཐིམ་པའི་གནམ་དཔྱད་ཚད་ལེན་ཡོ་ཆས་རིགས་སྤྱོད་མི་ཆོག

    དོན་ཚན་བཅུ་གཉིས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གཞན་དག་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གཞན་དག་ཁོངས་གཏོགས་ཀྱི་གནམ་གཤིས་ལས་ཁུངས་དང་ས་ཚུགས་དང་། དེ་བཞིན་གནམ་གཤིས་ལྟ་དཔྱད་རྩ་འཛུཌ་གཞན་དག་དང་མི་སྒེར་བཅས་ལ་ཡོད་པའི་གནམ་གཤིས་ལྟ་དཔྱད་དཔྱད་ཡིག་རིགས་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གནམ་དཔྱད་གཙོ་འགན་ཚན་པའམ་ཡང་ན་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པར་ཕྱོགས་སྒྲིག་བྱས་ནས་རྩིས་འབུལ་ཞུ་དགོས།

    དོན་ཚན་བཅུ་གསུམ་པ། སྤྱི་བྱིངས་ཀྱི་གནམ་གཤིས་སྔོན་བརྡ་དང་གནོད་འཚེའི་རང་བཞིན་ལྡན་པའི་གནམ་གཤིས་ཉེན་བརྡ་གཏོང་རྒྱུ་དེ་རིམ་ཁག་གནམ་དཔྱད་གཙོ་འགན་ཚན་པའི་ཁོངས་གཏོགས་ཀྱི་གནམ་གཤིས་ལས་ཁུངས་དང་ས་ཚུགས་ནས་གཅིག་གྱུར་ཐོག་ཁྱབ་བསྒྲགས་བྱེད་དགོས་པ་ལས་དེ་མིན་རྩ་འཛུགས་དང་མི་སྒེར་སུ་འདྲ་ཞིག་གིས་ཀྱང་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་མི་ཆོག

    མི་རིགས་ཀྱི་སྲོལ་རྒྱུན་གནམ་རིག་སྐར་རྩིས་ཀྱི་ལས་ཐབས་སྤྱད་དེ་གནམ་གཤིས་སྔོན་དཔག་བྱེད་ཕྱོགས་ཐད་ཚན་རིག་ཞིབ་འཇུག་དང་བེད་སྤྱོད་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ། རིམ་ཁག་གནམ་དཔྱད་གཙོ་འགན་ཚན་པས་ངེས་པར་དུ་གནམ་གཤིས་ཀྱི་ཤེས་བྱ་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་གནམ་དཔྱད་གཙོ་འགན་ཚན་པའི་ཁོངས་གཏོགས་ཀྱི་གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱིས་སྤྱི་ཚོགས་ཐོག་སྤྱི་བྱིངས་ཀྱི་གནམ་གཤིས་སྔོན་བརྡ་དང་གནོད་འཚེའི་རང་བཞིན་ལྡན་པའི་གནམ་གཤིས་ཀྱི་ཉེན་བརྡ་གཏོང་སྐབས་ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་དགོས་པ་དང་སྦྲགས་བོད་སྐད་ཡིག་སྤྱོད་དགོས།

    དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པ་དང་དེའི་ཁོངས་གཏོགས་ཞིང་ཁུལ་གྱི་གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱིས་ངེས་པར་དུ་ཞིང་ལས་ཐོན་སྐྱེད་ཀྱི་དགོས་མཁོ་གཞིར་བཟུང་ས་གནས་དེ་གའི་མི་དམངས་སྲིད་གཞུང་ལ་ལོ་འཁོར་གྱི་གནམ་གཤིས་འགྱུར་བར་དབྱེ་ཞིབ་དང་། འགག་རྩའི་སོ་ནམ་ལས་དུས་ཀྱི་གནམ་གཤིས་སྔོན་བརྡ། ལོ་ཏོག་སྐྱེ་དངོས་རིགས་ཀྱི་གནམ་གཤིས་དང་འབྲེལ་བའི་ཐོན་འབོར་སྔོན་དཔག ཞིང་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སོགས་ཀྱི་ཐད་གནམ་དཔྱད་ཞབས་ཞུ་མཁོ་འདོན་བྱེད་དགོས།

    འབྲོག་ཁུལ་གྱི་གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱིས་ངེས་པར་དུ་ཕྱུགས་ཟོག་དགུན་འགྲིམས་དང་། སྐྱས་སྤོ། སྤུ་གསར་སྐྱེ་གསོ་སོགས་འབྲོག་ལས་ཐོན་སྐྱེད་ཀྱི་དགོས་མཁོ་གཞིར་བཟུང་གནམ་དཔྱད་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས།

    དོན་ཚན་བཅོ་ལྔ་པ། རིམ་ཁག་གནམ་དཔྱད་གཙོ་འགན་ཚན་པས་ངེས་པར་དུ་ཞིང་འབྲོག་དང་། ཡུལ་སྐོར། བོད་སྨན་སྨན་རྒྱུ་སོགས་ཐོན་ལས་ཀྱི་ཕྱོགས་བསྡུས་གསར་སྤེལ་རྣམ་གྲངས་ལ་གནམ་གཤིས་ཐད་ནས་ལག་ལེན་བསྟར་འཐུས་ཀྱི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་དགོས།

    དོན་ཚན་བཅུ་དྲུག་པ། རིམ་ཁག་གནམ་དཔྱད་གཙོ་འགན་ཚན་པ་དང་དེའི་ཁོངས་གཏོགས་ཀྱི་གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱིས་ངེས་པར་དུ་སྔོན་ཐོན་གྱི་གནམ་གཤིས་ཚན་རིག་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱེད་དགོས་པ་མ་ཟད། དགོས་མཁོར་གཞིགས་ནས་གྲོང་ཁྱེར་གྱི་ཁོར་ཡུག་གནམ་གཤིས་སྔོན་བརྡ་དང་། མེ་ཟོན་རིམ་པའི་གནམ་གཤིས་སྔོན་བརྡ། དེ་བཞིན་རླུང་ཁམས་ཆེན་པོར་སྦགས་བཙོག་ཡོང་བཟོའི་སྔོན་བརྡ་སོགས་ཆེད་ལས་ཀྱི་གནམ་གཤིས་སྔོན་བརྡ་བཟོ་བ་དང་ཁྱབ་བསྒྲགས་བྱེད་དགོས།

    དོན་ཚན་བཅུ་བདུན་པ། གནམ་གཤིས་སྔོན་བརྡའི་སྐོར་གྱི་པར་ཡིག་གཉིས་ལྡན་གྱི་བརྙན་འཕྲིན་ལེ་ཚན་དེ་གནམ་གཤིས་སྔོན་བརྡ་གཏོང་མཁན་གནམ་དཔྱད་གཙོ་འགན་ཚན་པའི་ཁོངས་གཏོགས་ཀྱི་གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱིས་སྒྲིག་འཛུགས་བྱས་ནས་བཟོ་རྒྱུ།

    དོན་ཚན་བཅོ་བརྒྱད་པ། རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར། གློག་འཕྲིན་སོགས་སྨྱན་སྦྱོར་ཚན་པས་སྤྱི་ཚོགས་ཐོག་གནམ་གཤིས་སྔོན་བརྡ་དང་གནོད་འཚེའི་རང་བཞིན་ལྡན་པའི་གནམ་གཤིས་ཀྱི་ཉེན་བརྡ་གཏོང་དགོས་ཚེ་ངེས་པར་དུ་གནམ་དཔྱད་གཙོ་འགན་ཚན་པའི་ཁོངས་གཏོགས་ཀྱི་གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱིས་མཁོ་འདོན་བྱས་པའི་སྐབས་ཐོག་གི་གནམ་གཤིས་ཆ་འཕྲིན་སྤྱོད་དགོས་པ་དང་། སྔོན་བརྡ་གཏོང་བའི་དུས་ཚོད་དང་། གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱི་མིང་གསལ་པོ་འགོད་དགོས་པ་མ་ཟད། སྐབས་ཐོག་གི་གནམ་གཤིས་ཆ་འཕྲིན་ཐད་ཀར་མཁོ་འདོན་བྱེད་མཁན་གནམ་དཔྱད་གཙོ་འགན་ཚན་པའི་ཁོངས་གཏོགས་ཀྱི་གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱི་དབར་དང་ངེས་པར་དུ་བེད་སྤྱོད་བྱེད་ཕྱོགས་ཀྱི་གྲོས་མཐུན་འཇོག་དགོས། ཡོང་ཁུངས་གཞན་ནས་བྱུང་བའི་རང་སྐྱོང་ལྗོངས་འདི་གའི་གནམ་གཤིས་སྔོན་བརྡ་རང་དགར་བརྒྱུད་གཏོང་དང་བརྒྱུད་འགོད་བྱེད་མི་ཆོག་ལ། གནམ་གཤིས་སྔོན་བརྡའི་ནང་དོན་ལ་བཟོ་བཅོས་རྒྱག་མི་ཆོག གནམ་གཤིས་ཀྱི་ཆ་འཕྲིན་བརྒྱུད་གཏོང་བྱས་པ་ལས་བྱུང་བའི་ཁེ་སྤོགས་ཀྱི་ནང་ནས་ངེས་པར་དུ་ཆ་ཤས་ཤིག་འཐེན་ཏེ་གནམ་དཔྱད་བྱ་གཞག་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་དགོས།

    དོན་ཚན་བཅུ་དགུ་པ། གནམ་དཔྱད་ལས་སྒོ་དང་ཞབས་ཞུའི་ཐད་སྤྱོད་པའི་སྐུད་མེད་གློག་འཕྲིན་འགུལ་ཚད་བཟུང་སྤྱོད་ཀྱི་གྲོན་དངུལ་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས།

    དོན་ཚན་ཉི་ཤུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་གནམ་གཤིས་གནོད་འཚེའི་སྔོན་བརྡའི་མ་ལག་དང་དེ་བཞིན་གནམ་གཤིས་ཀྱི་གནོད་འཚེ་འགོག་སེལ་ལས་གྲྭ་དང་རྨང་གཞིའི་སྒྲིག་བཀོད་གཞན་དག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གནམ་གཤིས་ཀྱི་གནོད་འཚེའི་འགོག་ཟོན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་གནམ་གཤིས་ཀྱི་གནོད་འཚེ་འགོག་ཟོན་གྱི་འཆར་འགོད་བཟོ་དགོས་པ་མ་ཟད། གནམ་གཤིས་ཀྱི་གནོད་འཚེ་འགོག་ཟོན་བྱ་རྒྱུའི་དགོས་མཁོར་གཞིགས་ཏེ་གནམ་གཤིས་ཀྱི་གནོད་འཚེ་འགོག་ཟོན་བྱེད་པའི་ཇུས་གཞི་བཟོ་བ་དང་སྒྲིག་འཛུགས་ལག་བསྟར་བྱེད་དགོས།

    དོན་ཚན་ཉེར་གཅིག་པ། རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པས་ངེས་པར་དུ་ས་མཐོའི་གནམ་གཤིས་ཀྱི་ཚན་རྩལ་གསར་གཏོད་མ་ལག་གང་མགྱོགས་བཙུགས་ནས་རང་སྐྱོང་ལྗོངས་ཀྱི་གནམ་དཔྱད་ཚན་རིག་ཞིབ་འཇུག་ཚན་པའི་ནུས་པ་འདོན་སྤེལ་བྱས་ཏེ་གནོད་འཚེའི་རང་བཞིན་ཚབས་ཆེ་ལྡན་པའི་གནམ་གཤིས་ཀྱི་འབྱུང་རྐྱེན་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    དོན་ཚན་ཉེར་གཉིས་པ། རིམ་ཁག་གནམ་དཔྱད་གཙོ་འགན་ཚན་པའི་ཁོངས་གཏོགས་ཀྱི་གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱིས་ངེས་པར་དུ་དྲག་ཆར་དང་།(གངས་འཚུབ། ཐན་ཞོད། སེར་བ། རླུང་ཆེན། རླུང་དམར། ཐོག གྲང་ངད་སོགས་གནམ་གཤིས་ཀྱི་གནོད་འཚེ་ཚབས་ཆེའི་རིགས་ལ་ལྟ་ཞིབ་ཚད་ལེན་དང་། སྔོན་བརྡ། བརྟག་དཔྱད་ཚོད་སྐོར་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་ལས་རིམ་པ་གཅིག་གིས་མཐོ་བའི་གནམ་དཔྱད་གཙོ་འགན་ཚན་པ་དང་ས་གནས་དེ་གའི་མི་དམངས་སྲིད་གཞུང་ལ་དུས་ཐོག་ཏུ་གནས་ཚུལ་སྙན་སེང་ཞུ་དགོས་པ་མ་ཟད་འབྲེལ་ཡོད་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།

    གནམ་དཔྱད་གཙོ་འགན་ཚན་པའི་ཁོངས་གཏོགས་མ་ཡིན་པའི་གནམ་གཤིས་ལས་ཁུངས་དང་ས་ཚུགས། དེ་བཞིན་གནོད་འཚེའི་རང་བཞིན་ལྡན་པའི་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུ་དང་འབྲེལ་བ་ཡོད་མཁན་ཚན་པས་ངེས་པར་དུ་ས་གནས་དེ་གའི་གནམ་དཔྱད་གཙོ་འགན་ཚན་པར་གནམ་གཤིས་ཀྱི་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་རྒྱུར་མཁོ་བའི་གནམ་དཔྱད་ཆ་འཕྲིན་དང་། གནོད་འཚེ་འགོག་སེལ་བྱེད་པར་མཁོ་བའི་གངས་དང་། མེ། ཆུ་སོགས་ཀྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱས་པའི་ཆ་འཕྲིན་དུས་ཐོག་ཏུ་མཁོ་འདོན་བྱེད་དགོས།

    དོན་ཚན་ཉེར་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་ནས་ཆོག་མཆན་སྤྲད་པའི་མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་ཀའི་འཆར་གཞི་གཞིར་བཟུང་སྤེལ་བའི་མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་དོན་དེ་སྤྱི་ཕན་རང་བཞིན་གྱི་བྱ་གཞག་ཅིག་ཡིན་པས་དེར་མཁོ་བའི་འགྲོ་གྲོན་རྣམས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་ཁོངས་སུ་འཇུག་རྒྱུ།

    མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས་ཚེ་ངེས་པར་དུ་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པས་གཏན་འབེབས་བྱས་པའི་ཆ་རྐྱེན་འཛོམས་དགོས་པ་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གནམ་དཔྱད་གཙོ་འགན་ཚན་པས་བཏོན་པའི་ལག་རྩལ་གྱི་ཚད་གཞི་དང་མཐུན་པའི་ལས་སྒྲུབ་སྒྲིག་ཆས་སྤྱོད་དགོས་པ་དང་ལས་སྒྲུབ་ཚད་གཞིར་བརྩི་སྲུང་ཞུ་དགོས།

    དོན་ཚན་ཉེར་བཞི་པ། རིམ་ཁག་གནམ་དཔྱད་གཙོ་འགན་ཚན་པས་ངེས་པར་དུ་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་ཐོག་ཟོན་གེགས་སེལ་གྱི་ལས་དོན་སྒྲིག་འཛུགས་དང་དོ་དམ་མཛུབ་ཁྲིད་ལ་་ཤུགས་སྣོན་བརྒྱབ་ནས་ས་གནས་དེ་གའི་ཐོག་གི་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་། བརྟག་དཔྱད། བསྡོམས་རྩིས། ཆོད་སྡོམ་བཅས་བྱ་རྒྱུ་དང་། དེ་བཞིན་ས་གནས་དེ་གའི་ཐོག་ཟོན་སྒྲིག་བཀོད་ལ་ཞིབ་དཔྱད་ཚད་ལེན་བྱ་རྒྱུའི་ལྟ་སྡོམ་ལས་དོན་སྒྲིག་འཛུགས་བྱེད་འགན་འཁུར་དགོས།

    འཕྲིན་གཏོང་དང་གློག་ཤུགས་ཕུད་དེ་མིན་གྱི་ཐོག་ཟོན་སྒྲིག་བཀོད་ཀྱི་ཞིབ་དཔྱད་ཚད་ལེན་བྱེད་མཁན་ཚན་པར་ངེས་པར་དུ་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པས་སྤྲད་པའི་འོས་ཐོབ་ལག་ཁྱེར་ཡོད་དགོས་པ་མ་ཟད། ས་གནས་དེ་གའི་གནམ་དཔྱད་གཙོ་འགན་ཚན་པའི་ལྟ་སྐུལ་དོ་དམ་དང་ལེན་ཞུ་དགོས། ལག་ཁྱེར་མེད་པའམ་ཡང་ན་འོས་ཐོབ་རིམ་ཁུངས་སུ་མ་ཚུད་པའི་ཚན་པས་ཐོག་ཟོན་སྒྲིག་བཀོད་ལ་ཞིབ་དཔྱད་ཚད་ལེན་བྱེད་མི་ཆོག

    དོན་ཚན་ཉེར་ལྔ་པ། སྣུམ་མཛོད་དང་། སོལ་རླངས་མཛོད། མདེལ་རྫས་མཛོད། རྫས་འགྱུར་དངོས་རྫས་མཛོད་ཁང་། ཤོག་སྦག རྡོ་སྣུམ་སོགས་འབར་གས་སླ་བའི་འཛུགས་སྐྲུན་ལས་གྲྭ་དང་ས་ཡུལ། དེ་བཞིན་ཐོག་རྒྱག་སླ་བའི་ས་ཁོངས་ཀྱི་གཏེར་ཁུལ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་ལམ་ཡང་ན་དེ་བེད་སྤྱོད་བྱེད་འགོ་ཚུགས་པའི་བཟོ་སྐྲུན་དངོས་པོ་དང་སྒྲིག་བཀོད་སོགས་ཐོག་ཟོན་སྒྲིག་བཀོད་ལོགས་སུ་བསྒར་དགོས་པའི་ས་ཡུལ། དེ་བཞིན་ཐོག་རྒྱག་པའི་ཉེན་ཁ་ཆེ་ཞིང་ཐོག་ཟོན་ཚད་ལྡན་མེད་པ་དང་དམིགས་བསལ་གྱི་རིགས་སྒྲུབ་ཁུངས་སྐྱེལ་བྱེད་དགོས་པའི་རྣམ་གྲངས་ཆེ་གྲས་བཅས་ལ། འཛུགས་སྐྲུན་ཚན་པས་ཐོག་ཟོན་བྱེད་དགོས་པའི་བཟོ་སྐྲུན་དངོས་པོ་དང་བཟོ་བཀོད་དངོས་པོར་ཇུས་འགོད་བྱེད་སྐབས་ངེས་པར་དུ་ཐོག་ཟོན་བྱེད་ཐབས་དེ་ཇུས་གཞིའི་ནང་འཇུག་དགོས་པ་དང་། ཐོག་ཟོན་སྒྲིག་བཀོད་ཀྱི་ཚད་གཞིའི་བླང་བྱ་གཞིར་བཟུང་ཇུས་འགོད་བྱེད་དགོས་པ་མ་ཟད། ཐོག་ཟོན་ཇུས་འགོད་ཀྱི་ས་ཁྲ་དེ་རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ཚན་པར་ཞིབ་དཔྱད་བྱ་རྒྱུར་འབུལ་དགོས། ལས་གྲྭ་མཇུག་སྒྲིལ་རྗེས་རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ཚན་པས་ཞིབ་བཤེར་རྩིས་ལེན་བྱས་ཏེ་ཚད་གཞི་ལོངས་མཚམས་གཞི་ནས་བེད་སྤྱོད་བཏང་ན་འགྲིག

    ཐོག་ཟོན་སྒྲིག་བཀོད་བེད་སྤྱོད་བྱས་རྗེས་ངེས་པར་དུ་ལོ་ལྟར་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས་ཤིང་། འབར་གས་སླ་བ་དང་མེ་སྐྱོན་གྱི་ཉེན་ཁ་ཆེ་བའི་ཁོར་ཡུག་དང་ས་ཡུལ་གྱི་ཐོག་ཟོན་སྒྲིག་བཀོད་རིགས་ལ་ངེས་པར་དུ་ལོ་ཕྱེད་ནང་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས་པ་དང་། ལས་རིགས་ཀྱི་ཚད་གཞིར་དམིགས་བསལ་གཏན་འབེབས་ཡོད་ན་གཏན་འབེབས་དེ་བཞིན་ལག་བསྟར་བྱེད་དགོས།

    དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པས་ལྗོངས་ཡོངས་ཀྱི་གནམ་གཤིས་ཐོན་ཁུངས་ལ་ཕྱོགས་བསྡུས་བརྟག་དཔྱད་དང་ས་ཁོངས་དབྱེ་འབྱེད་ཀྱི་ལས་ཀ་བྱེད་འགན་འཁུར་དགོས་པ་མ་ཟད། གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་དང་། དབྱེ་ཞིབ། གདེང་འཇོག་བཅས་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ་དང་། སྲུང་སྐར་རྒྱང་ཚོར་ཉེར་སྤྱོད་ཀྱི་ཞིབ་འཇུག་དང་དེ་བཞིན་གནམ་གཤིས་ཀྱི་ཐོན་ཁུངས་སྲུང་སྐྱོབ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་སྦྲགས་ཁོར་ཡུག་ཇེ་ཞན་དུ་འགྲོ་བཟོ་ཡོད་པའི་རླུང་ཁམས་ཆེན་པོའི་གྲུབ་ཆར་ལྟ་ཞིབ་ཚད་ལེན་བྱས་ནས། དུས་བཀག་ཐོག་ལྗོངས་ཡོངས་ཀྱི་གནམ་གཤིས་གནས་ཚུལ་སྐོར་ཁྱབ་བསྒྲགས་བྱེད་དགོས།

    དོན་ཚན་ཉེར་བདུན་པ། རང་སྐྱོང་ལྗོངས་ཀྱི་རྒྱང་ཚོར་ཉེར་སྤྱོད་ཞིབ་འཇུག་ལྟེ་གནས་ཀྱིས་ངེས་པར་དུ་མཁའ་འགྲུལ་དང་། སྐར་སྐྱོད་རྒྱང་ཚོར། ས་ཁམས་ཆ་འཕྲིན་མ་ལག གོ་ལ་ཧྲིལ་པོའི་ངེས་གནས་མ་ལག་སོགས་ཀྱི་ལག་རྩལ་ལས་ཐབས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་རྒྱང་ཚོར་མཐོ་གསར་ལག་རྩལ་ཞིབ་འཇུག་དང་། ཉེར་སྤྱོད། གསར་སྤེལ་བཅས་བྱས་ཏེ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་རིགས་འདྲ་མིན་གྱི་ཐོན་ཁུངས་བརྟག་དཔྱད་དང་། ཁོར་ཡུག་སྲུང་སྐྱོབ། རྒྱལ་ཁབ་ཀྱི་ས་ཁམས་བཅོས་སྒྲིག ས་ཆ་ཐོན་འབྱེད་དང་བེད་སྤྱོད། རང་བྱུང་གནོད་འཚེའི་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་བསྒྲུབ་རྒྱུར་གཞི་འཛིན་ས་མཁོ་འདོན་བྱེད་དགོས།

    དོན་ཚན་ཉེར་བརྒྱད་པ། ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱིས་རླུང་ཁམས་ཆེན་པོའི་ཁོར་ཡུག་ལ་གནོད་འཚེ་ཇི་ཡོང་ཚོད་སྐོར་བྱེད་སྐབས། ངེས་པར་དུ་རྒྱལ་ཁབ་ཀྱི་གནམ་དཔྱད་ལག་རྩལ་གྱི་ཚད་གཞི་དང་མཐུན་པའི་གནམ་དཔྱད་ཐད་ཀྱི་དཔྱད་ཡིག་བེད་སྤྱོད་བྱེད་དགོས།

    དོན་ཚན་ཉེར་དགུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཞིང་། གནམ་གཤིས་ལྟ་དཔྱད་དཔྱད་ཡིག་རགས་པ་རྣམས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཕྱོགས་སྒྲིག་རྩིས་འབུལ་མ་བྱས་ཚེ། རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ཚན་པས་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་ཡོ་བསྲང་གཏན་ནས་མི་བྱེད་པའི་རིགས་ལ་ཐ་ཚིག་སྒྲོག་རྒྱུ་དང་སྦྲགས་སྒོར་ཁྲི་གསུམ་མན་གྱི་དངུལ་ཆད་འགེལ་རྒྱུ་དང་། ཆད་པ་བཅད་འབྲས་དེ་གནམ་གཤིས་ཆ་འཕྲིན་ཞབས་ཞུ་ཚན་པའི་ཡིད་རྟོན་ཆ་འཕྲིན་གྱི་བསྡོམས་རྩིས་མ་ལག་ནང་འཇུག་རྒྱུ་མ་ཟད། སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་རྒྱུ།

    དོན་ཚན་སུམ་ཅུ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཞིང་། རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར། གློག་འཕྲིན་སོགས་སྨྱན་སྦྱོར་གྱིས་སྤྱི་ཚོགས་ཐོག་གནམ་གཤིས་སྔོན་བརྡ་དང་གནོད་འཚེའི་རང་བཞིན་ལྡན་པའི་གནམ་གཤིས་ཀྱི་ཉེན་བརྡ་བརྒྱུད་བསྒྲགས་བྱེད་སྐབས། གནམ་དཔྱད་གཙོ་འགན་ཚན་པའི་ཁོངས་གཏོགས་ཀྱི་གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱིས་སྐབས་ཐོག་གི་གནམ་གཤིས་ཆ་འཕྲིན་མཁོ་འདོན་བྱས་པ་བཞིན་བེད་སྤྱོད་མ་བྱས་ཚེ། འབྲེལ་ཡོད་གནམ་དཔྱད་གཙོ་འགན་ཚན་པས་འགན་འཁྲིའི་དབང་ཚད་གཞིར་བཟུང་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། ཐ་ཚིག་སྒྲོག་རྒྱུ་དང་སྦྲགས་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་བཀལ་ན་འགྲིག

    དོན་ཚན་སོ་གཅིག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཞིང་། རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པས་གཏན་འབེབས་བྱས་པའི་ཆ་རྐྱེན་འཛོམས་མེད་པར་མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་ཀ་བྱེད་པའམ་ཡང་ན་མིའི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་ཀ་བྱེད་པའི་ཐད་རྒྱལ་སྲིད་སྤྱི་ཁྱབ་ཁང་གནམ་དཔྱད་གཙོ་འགན་ཚན་པས་བཏོན་པའི་ལག་རྩལ་གྱི་ཚད་གཞི་དང་མི་མཐུན་པའི་ལས་སྒྲུབ་སྒྲིག་ཆས་བེད་སྤྱོད་བྱས་ཚེ། འབྲེལ་ཡོད་གནམ་དཔྱད་གཙོ་འགན་ཚན་པས་དབང་ཚད་ལྟར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་མ་ཟད། ཐ་ཚིག་སྒྲོག་རྒྱུ་དང་སྦྲགས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་བཀལ་ན་འགྲིག གྱོང་གུན་བཟོས་ཚེ་ཁྲིམས་ལྟར་སྐྱིན་ཚབ་འཇལ་འགན་འཁུར་དུ་འཇུག་རྒྱུ་དང་། ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    དོན་ཚན་སོ་གཉིས་པ། རྫོང་རིམ་ཡན་གྱི་གནམ་དཔྱད་གཙོ་འགན་ཚན་པ་དང་དེའི་ཁོངས་གཏོགས་ཀྱི་གནམ་གཤིས་ལས་ཁུངས་དང་ས་ཚུགས་ཀྱི་ལས་དོན་པས་རང་འགན་ཟོལ་འཇོག་བྱས་རྐྱེན་གནོད་འཚེའི་རང་བཞིན་ཚབས་ཆེ་ལྡན་པའི་གནམ་གཤིས་ཀྱི་ཉེན་བརྡ་གཏོང་རྒྱུ་ལུས་པ་དང་གཏོང་ནོར་ཤོར་བ་དང་། གནམ་གཤིས་ལྟ་དཔྱད་ཀྱི་མ་ཡིག་བོར་བརླག་སོང་བའམ་ཡང་ན་གཏོར་སྐྱོན་ཕོག་པ། གནམ་དཔྱད་དཔྱད་ཡིག་རྫུན་མ་བཟོ་བ་སོགས་ཀྱི་ལས་འཛོལ་བྱུང་རིགས་ལ་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ། རྒྱལ་ཁབ་ཀྱི་ཁེ་ཕན་དང་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེ་བཟོས་ནས་ཉེས་གསོག་གི་ཚད་ལ་སླེབས་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    དོན་ཚན་སོ་གསུམ་པ། གནམ་དཔྱད་ཐད་ཀྱི་རིན་ཡོད་ཞབས་ཞུའི་སྒྲུབ་ཁོངས་དང་། རྣམ་གྲངས། རིན་བསྡུ་སོགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལག་བསྟར་བྱ་རྒྱུ།

    དོན་ཚན་སོ་བཞི་པ། ས་གནས་ཀྱི་གནམ་དཔྱད་བྱ་གཞག་གི་རྣམ་གྲངས་གཙོ་བོ་གཤམ་གསལ་ཏེ།

    (གཅིག)ས་གནས་དེ་གའི་དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་ཞུ་སྒྲུབ་ཆེད་བཙུགས་པའི་གནམ་གཤིས་ལས་ཁུངས་དང་ས་ཚུགས། དེ་བཞིན་གནམ་གཤིས་ལྟ་དཔྱད་དང་། འཕྲིན་གཏོང་། སྔོན་བརྡ། ཞབས་ཞུ། གནམ་གཤིས་ཀྱི་གནོད་འཚེ་འགོག་ཟོན་དང་གནམ་དཔྱད་ཀྱི་ཚན་རིག་ལག་རྩལ་ཞིབ་འཇུག་སོགས་ཐད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་དང་།

    (གཉིས)ཞིང་འབྲོག་ལས་ཕྱོགས་བསྡུས་གསར་སྤེལ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན། གྲོང་ཁྱེར་འཛུགས་སྐྲུན། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་དང་གནམ་གཤིས་ཀྱི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་སོགས་བྱེད་ཆེད་དུ་སྤེལ་བའི་རླུང་ཁམས་ཆེན་པོའི་དམིགས་བསལ་ལྟ་ཞིབ་ཚད་ལེན་དང་། སྔོན་དཔག ཆ་འཕྲིན་ཁྱབ་བསྒྲགས། དེ་བཞིན་ཉེར་སྤྱོད་གནམ་དཔྱད་བཅས་ཀྱི་རྣམ་གྲངས།

    (གསུམ)གྲོང་ཁྱེར་དང་ཞིང་འབྲོག་ཁུལ་གྱི་གནམ་གཤིས་ཆ་འཕྲིན་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་རྣམ་གྲངས་རིགས།

    (བཞི)མི་ཐབས་ཀྱིས་གནམ་གཤིས་སྒྱུར་བའི་ལས་སྒྲུབ་དང་ཚོད་ལྟ་ཞིབ་འཇུག་དང་། གནམ་གཤིས་ཀྱི་གནོད་འཚེ་འགོག་ཟོན་མ་ལག་འཛུགས་སྐྲུན་གྱི་རྣམ་གྲངས།

    (ལྔ)རྒྱང་ཚོར་རྒྱང་དཔྱད་མ་ལག་འཛུགས་སྐྲུན་དང་། ལས་གཉེར་འཁོར་སྐྱོད། དེ་བཞིན་གནམ་གཤིས་ཀྱི་གནོད་འཚེ་དང་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཁྲོད་ཀྱི་ལག་རྩལ་གསར་སྤེལ་དང་ཉེར་སྤྱོད་ཀྱི་རྣམ་གྲངས།

    (དྲུག)ས་གནས་དེ་གའི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དགོས་མཁོ་གཞིར་བཟུང་འཛུགས་སྐྲུན་བྱ་རྒྱུའི་རྣམ་གྲངས་གཞན་དག་བཅས་སོ།

    དོན་ཚན་སོ་ལྔ་པ། སྲོལ་ཡིག་འདི་ལག་བསྟར་བྱེད་པའི་ནང་ཞིབ་ཕྲའི་གནད་དོན་ལ་རང་སྐྱོང་ལྗོངས་གནམ་དཔྱད་གཙོ་འགན་ཚན་པས་འགྲེལ་བཤད་རྒྱག་འགན་འཁུར་རྒྱུ།

    དོན་ཚན་སོ་དྲུག་པ། སྲོལ་ཡིག་འདི་2002ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱས།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།