དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་རིག་དངོས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ། ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ལི་ཆུན་གྱིས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-10-11

    ཟླ་10ཚེས་9ཉིན། ལྗོངས་ཡོངས་ཀྱི་རིག་དངོས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ཟླ་10ཚེས་9ཉིན། ལྗོངས་ཡོངས་ཀྱི་རིག་དངོས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་འདུ་གྲོལ་རྗེས་ཝང་ཅུན་ཀྲེང་གིས་ལི་ཆུན་བཅས་པ་དང་བཞུཊ་མོལ་གནང་བཞིན་པ།

    ● རིག་དངོས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིག་དངོས་ལས་དོན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་དུས་རབས་གསར་པའི་བོད་ཀྱི་རིག་དངོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཚེས་9ཉིན། ལྗོངས་ཡོངས་ཀྱི་རིག་དངོས་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་རིག་དངོས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིག་དངོས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རིག་དངོས་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ། དུས་རབས་གསར་པའི་བོད་ཀྱི་རིག་དངོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད། 

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རིག་གནས་དང་ཡུལ་སྐོར་པུའི་ཏང་ཙུའི་ཁོངས་མི་དང་པུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ལི་ཆུན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་རིག་དངོས་ཐོན་ཁུངས་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རིག་དངོས་ཁོངས་གཏོགས་ཀྱིས་རིག་དངོས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། ལོ་རྒྱུས་ཀྱི་ཤེས་རིག་འཕེལ་རྒྱུན་རྒྱུན་འཛིན་བྱེད་པ། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་པོ་སྲུང་བ། དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་དེ་བས་ཡག་པོ་འཁུར་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རིག་གནས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་དང་བསམ་པའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིག་དངོས་ལ་གསོན་ཤུགས་འཕེལ་བར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ་རྒྱུན་ཆད་མེད་པར་ཞིབ་འཇུག་གཏིང་ཟབ་བྱས་ཏེ། རིག་དངོས་གསོན་ཉམས་དོད་པོ་ཡོང་བར་བྱེད་པ་དང་ཀྲུང་གོའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། རིག་དངོས་གཞི་རྟེན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རིག་དངོས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་ལོ་རྒྱུས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་ལོ་རྒྱུས་ཀྱི་རང་རྟོགས་ཆེ་རུ་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས། རིག་དངོས་ཐོན་ཁུངས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྲོལ་རྒྱུན་ལ་སྲུང་སྐྱོང་དང་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་དང་། རྗེས་ཤུལ་གལ་ཆེན། གསར་བརྗེའི་རིག་དངོས་སོགས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་དགོས། རིག་དངོས་འབྲེལ་ཟམ་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་རིང་རིག་དངོས་ཀྱི་དམིགས་བསལ་ནུས་པ་འདོན་སྤེལ་བྱེད་པ། རིག་དངོས་ཕྱི་ཕྱོགས་སུ་ཁྱབ་སྤེལ་གཏོང་བའི་ཐབས་ལམ་རྒྱ་ཆེར་བཏང་ནས། རིག་དངོས་ཀྱི་བརྒྱུད་སྤེལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་པ། རིན་ཐང་སྔོག་འདོན་བྱེད་པ། བེད་སྤྱོད་ནུས་ལྡན་བྱེད་པ། རིག་དངོས་ཀྱི་དོན་གོ་ཆོད་དུ་འཇུག་པ”བཅས་ཀྱི་དུས་རབས་གསར་པའི་རིག་དངོས་ལས་དོན་གྱི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། གཞུང་འཁྱོངས་གསར་འབྱེད་དང་གསར་འབྱེད་ཡར་བརྩོན་གྱིས་རང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། རིག་དངོས་སྲུང་སྐྱོང་ལས་དོན་གྱི་རྨང་གཞི་བརྟན་དུ་བཏང་ནས། ལྗོངས་ཡོངས་ཀྱི་རིག་དངོས་ཡོངས་བཤེར་དང་། ཐོ་འགོད། ཡིག་ཚགས་བཟོ་བ་བཅས་ཀྱི་ལས་དོན་རྒྱུན་མཐུད་སྤེལ་ནས་འཆར་འགོད་སྒྲིག་བཟོ་ཡག་པོ་བྱས་ཏེ། རིག་དངོས་སྲུང་སྐྱོང་གི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རིག་དངོས་བདེ་འཇགས་ཀྱི་ཉེན་ཟོན་ནུས་པ་ཆེ་རུ་བཏང་ནས་རིག་དངོས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པའི་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་དང་ཆེད་དོན་རྡུང་རྡེག་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས་རིག་དངོས་གཉེར་སྐྱོང་ཚད་ལྡན་ཡོང་བར་བྱེད་དགོས། རིག་དངོས་སྲུང་སྐྱོང་རྣམ་གྲངས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས། བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་ལས་གྲྭ་དང་། རིག་དངོས་མཛོད་ཁང་འཛུགས་སྐྲུན། སྤོ་རུང་རིག་དངོས་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོང་ལས་གྲྭ་བཅས་ལག་བསྟར་ཤུགས་ཆེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། འགན་འཁྲི་ཁ་གསལ་བཟོ་བ་དང་མཉམ་ཤུགས་ཆགས་པར་བྱེད་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། ཤེས་ལྡན་མི་སྣའི་འདེགས་སྐྱོར། མ་དངུལ་འགན་ལེན། དྲིལ་བསྒྲགས་ཁྲིད་སྟོན་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་རང་ལྗོངས་ཀྱི་རིག་དངོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ལི་ཆུན་གྱིས་དུས་རབས་གསར་པའི་བོད་ཀྱི་རིག་དངོས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིག་དངོས་ལ་སྲུང་སྐྱོང་བྱ་རྒྱུ་དེའང་སྲིད་དོན་ལས་རྗེས་ཡིན་པའི་ཚན་རིག་དང་མཐུན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་ལེན་ཧུར་ཐག་བསྟར་ནས། བོད་ཀྱི་རིག་དངོས་ལས་དོན་ལ་རྒྱུན་ཆད་མེད་པར་འཕེལ་རིམ་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པའི་ཐོག་རིག་དངོས་ལས་དོན་གྱི་ལས་འགན་སྔར་བས་གཟི་བརྗིད་དང་ལས་འགན་སྔར་བས་ལྕི་པོ་ཡོད། ལྗོངས་ཡོངས་ཀྱི་རིག་དངོས་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་དང་ལས་བཟོ་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། རིག་དངོས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་པ། རིན་ཐང་སྔོག་འདོན་བྱེད་པ། བེད་སྤྱོད་ནུས་ལྡན་བྱེད་པ། རིག་དངོས་གསོན་ཉམས་དོད་པོ་ཡོང་བར་བྱེད་པ་བཅས་ཀྱི་ལས་དོན་གྱི་བླང་བྱ་མཐའ་འཁྱོངས་ཀྱིས། ལེགས་ཆར་གཞི་ཚུགས་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རིག་དངོས་ལས་དོན་ཏན་ཏིག་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།

    ཚོགས་འདུ་གྲོལ་རྗེས་ཝང་ཅུན་ཀྲེང་གིས་ལི་ཆུན་བཅས་པ་དང་རིག་གནས་བོད་སྐྱོར་ལས་དོན་གྱི་རིམ་པ་དང་ནང་དོན་རྒྱ་ཆེར་གཏོང་རྒྱུ་དང་། གཙོ་གནད་རིག་དངོས་སྲུང་སྐྱོང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། རིག་དངོས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རིག་དངོས་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ཐད་བཞུགས་མོལ་གནང་བ་རེད། ལི་ཆུན་གྱིས་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་རིག་དངོས་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ནས། བོད་དང་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། རིག་དངོས་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། བོད་ཀྱིས་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་ཞིབ་འཇུག་འགྲེམས་སྟོན་གྱི་ལས་དོན་ཡག་པོ་སྒྲུབ་པར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་དེར་ཞབས་འདེགས་ཞུས་ནས། བོད་ཀྱི་རིག་དངོས་ལས་དོན་ལ་རྣམ་པ་གསར་པ་གཏོད་པར་རམ་འདེགས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།