དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་གཙོ་ཤུགས་དམག་གི་ནུས་པ་གང་ལེགས་འདོན་དགོས།

    ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

  •     སྤེལ་དུས།  2023-10-11

    ཚེས་9ཉིན། ཀྲུང་གོ་བཟོ་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་པེ་ཅིང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། དེ་ལས་བཟོ་དུང་ཕྱུར་མང་པོར་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ་ངལ་རྩོལ་གསར་གཏོད་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་བཟོ་པའི་གྲལ་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་གང་ལེགས་འདོན་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།

    ངལ་རྩོལ་ལ་བརྟེན་ན་བདེ་སྐྱིད་སྐྲུན་ཐུབ་པ་དང་། དངོས་སྒྲུབ་ལ་བརྟེན་ན་བྱ་གཞག་རླབས་ཆེན་འགྲུབ་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དཀའ་བར་མི་འཛེམ་པར་མདུན་སྐྱོད་དང་འབད་འབུངས་མདུན་སྐྱོད་བྱས་ནས། དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་བཏོད་པ་བརྒྱུད། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་ཡོད། ཏང་གི་འགོ་ཁྲིད་འོག་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་ཚད་མཐོའི་བདག་པོའི་འདུ་ཤེས་དང་། ངལ་རྩོལ་གྱི་སྤྲོ་སེམས་ཆེན་པོ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་བཅས་ལ་བརྟེན་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ནང་ཧུར་ཐག་ཞུགས་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཕེལ་རིམ་རླབས་པོ་ཆེའི་ཁྲོད་འབད་འཐབ་ལྷོད་མེད་དང་། རྩེ་གྲ་གཏོད་པ། རྩེར་སོན་ཕོད་པ་བཅས་བྱས་ཏེ་ནུས་པ་གལ་ཆེན་བཏོན་ཡོད་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། རང་རྒྱལ་གྱི་བཟོ་པའི་གྲལ་རིམ་ནི་ཀྲུང་གོ་གུང་ཁྲན་ཏང་གི་གྲལ་རིམ་རྨང་གཞི་བརྟན་ཤོས་དང་བློས་འཁེལ་ཤོས་དང་། རང་རེའི་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་གྲལ་རིམ། སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་འབྲེལ་བའི་མཚོན་བྱེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཙོ་ཤུགས་དམག་བཅས་ངོ་གནོང་མི་དགོས་པ་ཞིག་ཡིན་པ་ལག་ལེན་ལས་ར་འཕྲོད་གང་ལེགས་ཐུབ་ཡོད།

    བཟོ་ཚོགས་ནི་ཏང་གིས་འགོ་ཁྲིད་བྱས་པའི་བཟོ་པའི་གྲལ་རིམ་གྱི་མང་ཚོགས་ཀྱི་རྩ་འཛུགས་ཤིག་དང་། ཏང་གིས་ལས་བཟོ་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་ཅིག སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་སྲིད་དབང་གི་སྤྱི་ཚོགས་ཀྱི་གཙོ་རྟེན་གལ་ཆེན་ཞིག་བཅས་རེད། དུས་རབས་གསར་པ་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ཀྱི་ལས་དོན་ལ་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། ཁ་ཕྱོགས་ཀྱི་རང་བཞིན་དང་། རྩ་བའི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན་བཅས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ངང་ལན་བསྐྱོན་ཏེ། དུས་རབས་གསར་པའི་བཟོ་པའི་ལས་འགུལ་གྱི་བྱ་གཞག་དང་བཟོ་ཚོགས་ཀྱི་ལས་དོན་གསར་གཏོད་འཕེལ་རྒྱས་འགྲོ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཀྲུང་གོ་བཟོ་ཚོགས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བདུན་པ་འཚོགས་ཚུན། རིམ་ཁག་བཟོ་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱ་ཆེའི་ལས་བཟོ་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་བྱས་རྗེས་འཇོག་པ་དང་བྱ་གཞག་སྒྲུབ་པ། ཁེ་དབང་སྲུང་སྐྱོང་དང་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ། བཟོ་ཚོགས་ཁོངས་གཏོགས་ཀྱི་རང་ངོས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་གཏིང་ཟབ་བྱེད་པ། བཟོ་ཚོགས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་པ་བརྒྱུད། གྲུབ་འབྲས་གསར་པ་མངོན་གསལ་དོད་པོ་ཐོབ་སྟེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཟོ་ཚོགས་ཀྱི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་གཞི་བཀོད་དེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་ཚད་ལས་འགན་ཁ་གསལ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོའི་དེང་རབས་ཅན་ནི་དཀའ་ཚེགས་ཆེ་ཤོས་ཤིག་ཡིན་ལ་རླབས་ཆེ་ཤོས་ཤིག་ཀྱང་ཡིན”“དུས་རབས་ཀྱི་ཆ་རྐྱེན་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ང་ཚོས་ཐོག་མཐའ་བར་གསུམ་དུ་ངལ་རྩོལ་ལ་སྤྱི་བཀུར་དང་ངལ་རྩོལ་པར་བརྩི་འཇོག་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་གཙོ་ཤུགས་དམག་གི་ནུས་པ་འདོན་པར་མཐོང་ཆེན་བྱེད་དགོས”ཞེས་ནན་བཤད་གནང་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་རེ་འདུན་དང་མཐུན་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྱུར་མེད་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་རང་རྟོགས་ངང་བྱས་ནས། ཏང་དང་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་འབད་འཐབ་དམིགས་ཚད་དེ་རང་ཉིད་ཀྱི་མི་ཚེའི་དམིགས་ཚད་ལ་བརྩིས་ཏེ། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ཚེ་རང་རྒྱལ་གྱི་བཟོ་པའི་གྲལ་རིམ་གྱིས་འབད་འཐབ་ལྷོད་མེད་ལ་བརྟེན་ནས་དུས་རབས་གསར་པའི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད།

    སྤྱི་ཚོགས་རིང་ལུགས་ནི་དོན་གཉེར་བྱས་པ་ལས་བྱུང་བ་དང་དུས་རབས་གསར་པ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། རྒྱང་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་ཡིན་པས་དངོས་སྒྲུབ་ལ་བརྟེན་དགོས་པ་ལས་མྱུར་ལམ་མེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཚུལ་མཐུན་ངལ་རྩོལ་དང་ལས་ཀ་ཧུར་ཐག བློ་རྩ་བརྟན་པོས་གསར་གཏོད་དང་གཞན་གྱི་སྔོན་ལ་བྱེད་ཕོད་པ། གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་དང་ངལ་རྩོལ་གྱི་སྤྲོ་སེམས་དང་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་གང་ལེགས་འཕེལ་བ་བཅས་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་དུས་རབས་ཀྱི་འོད་སྟོང་གསར་པ་དང་ལོ་རྒྱུས་ཀྱི་བྱ་གཞག་གསར་པ་གཏོད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།