ཝང་ཝུའེ་ཏུང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་མངགས་སྡོད་ལས་ཁུངས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མངགས་སྡོད་ལས་ཁུངས་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ནས་མངགས་སྡོད་ལས་ཁུངས་ཀྱི་ལས་དོན་སྤེལ་ཚུལ་ལ་ཕྱོགས་བསྡོམས་དང་། ལས་ཀའི་ཉམས་མྱོང་སྤེལ་རེས། གོམ་སྟབས་རྗེས་མའི་ལས་དོན་གཙོ་བོ་བཀོད་སྒྲིག་བཅས་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་ཚོགས་འདུར་ཞུགས་ནས་གཏམ་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཉེ་བའི་ལོ་ཤས་རིང་། ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མངགས་སྡོད་ལས་ཁུངས་ཀྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་དང་མངགས་སྡོད་ལྟ་སྐུལ་རྨང་གཞི་བརྟན་དུ་བཏང་ནས། མངགས་སྡོད་ལས་ཁུངས་ཁག་གི་ལས་ཀའི་འཇོན་ཐང་དང་སྤུས་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད། མངགས་སྡོད་ལྟ་སྐུལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བཅས་དང་ལྟ་བསྡུར་བྱས་ཏེ་གནད་དོན་དང་ཞན་ཆར་ལྟ་སྟངས་ཡང་དག་འཛིན་པ་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱེད་པ། “བྱེད་འདོད་མེད་པ་དང་བྱེད་མི་ཕོད་པའི”གནད་དོན་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མངགས་སྡོད་ལྟ་སྐུལ་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། བོད་ཀྱི་ལས་དོན་དང་འབྲེལ་ཡོད་ལས་རིགས་ཁྱབ་ཁོངས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་དོན་འཁྱོལ་བྱེད་པར་དམ་པོར་དམིགས་པ་དང་། “དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”དམིགས་ཚད་ལས་འགན་ལ་དམིགས་ཏེ་ཞིབ་ཕྲ་དང་། གནད་སྨིན། རྒྱུན་རྣམ་བཅས་ཀྱི་་ཆབ་སྲིད་ལྟ་སྐུལ་ལ་བརྟེན་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། དོ་དམ་དང་བཅོས་སྐྱོང་ནན་པོ་བྱ་རྒྱུར་སྣང་ཆེན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་དང་རྒྱ་སྐྱེད་གཏོང་བ་དང་། རྒྱུན་གཏན་རང་བཞིན་གྱི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ། འཚོལ་བཤེར་བཅོས་སྒྲིག་ཟབ་ཏུ་གཏོང་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཚད་མཐུན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་འཛུགས་སྐྱོང་ལ་སྐུལ་འདེད་དེ་བས་ཡག་པོ་གཏོང་དགོས།