བོད་རང་སྐྱོང་ལྗོངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འཚོགས་པ།
ཝང་ཅུན་ཀྲེང་དང་། ཁྲེན་ཡུང་ཆི། ལིའུ་ཅང་སོགས་མཛད་སྒོར་ཞུགས་པ།
ཟླ་9ཚེས་30ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འཚོགས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་མེ་ཏོག་སི་རའི་དར་འཛར་སྲོང་སྐྱོར་གནང་བཞིན་པ།
ཟླ་9ཚེས་30ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་དྲན་གསོའི་རྡོ་རིང་མདུན་དུ་ཁུ་སིམ་མེར་བཞེངས་ནས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བཞིན་པ།
ཚེས་30ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོར་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་འབུལ་བའི་མཛད་སྒོ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་སྲིད་དམག་གསུམ་གྱི་འགོ་ཁྲིད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་མཉམ་དུ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་ཞིང་། སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུས་ནས་བླ་ན་མེད་པའི་གུས་ལུགས་མཚོན་པར་གནང་བ་དང་། ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
ཝང་ཅུན་ཀྲེང་དང་། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མཛད་སྒོར་ཞུགས་པ་རེད།
ཆུ་ཚོད་9དང་སྐར་མ་30ཡོལ་ཙམ་ལ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་དང་མང་ཚོགས་ཀྱི་འཐུས་མིས་རྐང་ཐང་མར་དྲན་གསོའི་རྡོ་རིང་མདུན་དུ་བསྐྱོད་དེ་ཁ་ཁུ་སིམ་པོའི་ངང་ཀྲོང་ངེར་ལངས་ནས་བསྡད། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་དབྱངས》གྲགས་པ་དང་སྦྲགས། ཚོགས་ར་ཡོངས་ཀྱི་མི་རྣམས་ཀྱིས་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད། རྒྱལ་གླུ་བླངས་རྗེས་ཚང་མས་ཀྲོང་ངེར་ལངས་ནས། བོད་ཞི་བས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བཅས་ཀྱི་བྱ་གཞག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་ཚོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད། ངག་བསྡམས་ནས་མྱ་ངན་ཞུས་རྗེས་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་ཡིན》ཞེས་པའི་གླུ་གཞས་བཏང་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་འདུད་ཞུས་པ་རེད།
དྲན་གསོའི་རྡོ་རིང་མདུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན། རང་སྐྱོང་ལྗོངས་སྲིད་གཞུང་། རང་སྐྱོང་ལྗོངས་སྲིད་གྲོས། བོད་དམག་ཁུལ་ཁང་། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ་ཁག ལྷ་སའི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས། བོད་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་བཅས་ཀྱིས་སོ་སོར་ཕུལ་བའི་མེ་ཏོག་སི་ར་ཆེ་གྲས་9གྲལ་སྟར་འགྲིག་པོས་བཞག་ཡོད། བརྩེ་བས་ཕྱུག་པའི《མེ་ཏོག་འབུལ་བའི་རོལ་དབྱངས》དཀྲོལ་བ་དང་ཆབས་ཅིག་གུས་དམག་18ཀྱིས་མེ་ཏོག་སི་ར་ཁྱེར་ནས་དལ་བུར་བསྐྱོད་དེ་མེ་ཏོག་སི་ར་དྲན་གསོའི་རྡོ་རིང་གི་ཞབས་སྟེགས་ཐོག་བཞག་པ་རེད།
ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་དལ་པོའི་ངང་དྲན་གསོའི་རྡོ་རིང་གི་ཞབས་སྟེགས་ཐོག་ཕེབས་པ་དང་མེ་ཏོག་སི་རའི་མདུན་དུ་བཞེངས་ཏེ་བློ་རྩེ་གཅིག་སྒྲིམ་ངང་གཟིགས་པ་དང་། མེ་ཏོག་སི་རའི་དར་འཛར་ཞིབ་ཚགས་ངང་སྲོང་སྐྱོར་གནང་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་སེམས་མཚོན་པ་དང་མྱ་ངན་ཟབ་མོ་ཞུས་པ་རེད། དེ་རྗེས་མཛད་སྒོར་ཞུགས་མཁན་འགོ་ཁྲིད་དང་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མིས་སྐོར་བ་དལ་བུར་བསྐྱོན་བཞིན་དུ་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་གུས་མཇལ་ཞུས་ནས། གསར་བརྗེའི་ལོ་ཟླ་བསྐྱར་དྲན་དང་གསར་བརྗེའི་སྙིང་སྟོབས་མྱོང་ཚོར་བྱས་པ་རེད། ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ད་དུང་ཁུང་ཧྥན་སེན་སོགས་སྔོན་གཤེགས་དཔའ་བོའི་བང་སོར་ཁ་བཏགས་དང་མེ་ཏོག་སི་ར་ཕུལ་བ་དང་སྔོན་གཤེགས་དཔའ་བོའི་བང་སོར་གུས་མཇལ་ཞུས་གནང་བ་རེད།
མེ་ཏོག་སི་ར་འབུལ་བའི་མཛད་སྒོར་ཞུགས་མཁན་ཁྲོད་ད་དུང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། བོད་དམག་ཁུལ་ཁང་དང་། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག མཁའ་དམག་ལྷ་སའི་རྟེན་གཞི་བཅས་ཀྱི་འགན་འཁུར་བློ་མཐུན། ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་དང་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་ལས་བཟོའི་འཐུས་མི། སྔོན་གཤེགས་དཔའ་བོའི་ནང་མིའི་འཐུས་མི། འཐབ་འཛིང་པ་རྒན་གྲས་ཀྱི་འཐུས་མི། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་མང་ཚོགས་ཀྱི་འཐུས་མི། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་འཐུས་མི། སྤྱི་བདེའི་ལས་བྱེད་ཉེན་རྟོག་པའི་འཐུས་མི་སོགས་ཡོད་པ་རེད།