ཝང་ཅུན་ཀྲེང་གིས་ནེ་པ་ལའི་ཙུང་ལི་ཕུའུ་ལ་ཁྲང་ཏ་བཅས་པ་དང་མཇལ་འཛོམས་གནང་བ།
ཁྲེན་ཡུང་ཆི་ཞུགས་པ།
ཟླ་9ཚེས་27ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ནེ་པ་ལའི་ཙུང་ལི་ཕུའུ་ལ་ཁྲང་ཏ་བཅས་པ་དང་མཇལ་འཛོམས་གནང་ཞིང་། འདི་ནི་མཇལ་འཛོམས་གནང་བཞིན་པ།
ཚེས་27ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ནེ་པ་ལའི་ཙུང་ལི་ཕུའུ་ལ་ཁྲང་ཏ་བཅས་པ་དང་མཇལ་འཛོམས་གནང་བ་རེད།
ནེ་པ་ལའི་ཕྱི་འབྲེལ་པུའི་པུའུ་ཀྲང་ན་ལ་དབྱང·ཕུའུ་ལ་ཁ་ཧྲེན·ས་ཝུའུ་ཏེ་དང་། རྨང་གཞིའི་སྒྲིག་བཀོད་དང་འགྲིམ་འགྲུལ་པུའི་པུའུ་ཀྲང་ཕུའུ་ལ་ཁ་ཧྲེན·ཅ་ཝ་ལ། ཙུང་ལིའི་དབུ་བཞུགས་ཆབ་སྲིད་བློ་འདྲི་བ་ཧ་ལི་པོར·ཕུའུ་ལ་ས་ཏེ·ཅ་ཀྲུའུ་རུའེ་ཨེར། རྒྱལ་ཁབ་བདེ་འཇགས་ཨུ་ལྷན་རྒྱལ་ཁབ་བདེ་འཇགས་བློ་འདྲི་བ་ཧྲན་ཁར·ཏ་སི·པ་ལ་ཅི། རྒྱལ་ཁབ་འཆར་འགོད་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་སྨི་ཨེན·པ་ཧ་ཏུར·ཧྲི་ལེ་སི་ཐ། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་སུང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཡུང་ཆི་དང་། ཟླ་བ་ཚེ་རིང་། རྒྱལ་མཚན། ཀྲང་ཧུང་པོ། མོང་ཞའོ་ལིན་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཕུའུ་ལ་ཁྲང་ཏ་དང་བཅས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་ཀྲུང་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་68སོང་རིང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་ཕན་ཚུན་འཚམས་འདྲི་ཡང་ཡང་བྱས་པ་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་སྐུ་ངོ་མའི་སྐུལ་འདེད་འོག་ཀྲུང་ནེའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་རྒྱུན་འཁྱོངས་ཐུབ་ཡོད། 2019ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་གྲུབ་འབྲས་ཐོབ་པའི་ངང་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་སྟེ་ཕྱོགས་གཉིས་པོས་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ཡོད། འདི་ལོ་ཚུན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལའི་འགོ་ཁྲིད་པ་དང་ཕན་ཚུན་འཕྲིན་ཡིག་ཐེངས་མང་སྤྲིངས་རེས་གནང་ནས་ཕྱོགས་གཉིས་པོའི་འབྲེལ་བར་ཁ་སྒྱུར་ཕྱོགས་སྟོན་རྒྱུན་མཐུད་གནང་ཡོད། བོད་ཀྱིས་ཏང་ཀྲུང་དབྱང་གི་ཕྱི་འབྲེལ་མཛད་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ལས་དོན་གྱི་སྤྱི་ཡོངས་ལ་སྲུང་བརྩི་དང་ཞབས་འདེགས་ཞུ་བ་དང་། ས་བབ་ཀྱི་ལེགས་ཆ་དང་མི་ཆོས་རིག་གནས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། བོད་ཀྱི་འཕེལ་རྒྱས་སྒོ་དབྱེ་དེ་ཀྲུང་ནེའི་འབྲེལ་བ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ནས། ཀྲུང་ནེའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་མིག་སྔར་བོད་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པས་སྤྱི་ཚོགས་ཡོངས་སུ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་བཞིན་ཡོད། ང་ཚོས་ཕྱོགས་གཉིས་པོས་གྲོས་ཐག་བཅད་པའི་མཉམ་ལས་ཀྱི་དོན་ཚན་དོན་འཁྱོལ་མགྱོགས་པོ་དང་། རྒྱལ་ཁབ་ཀྱི་སྒོ་དབྱེའི་སྤྱི་ཡོངས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་རྒྱུ་གཙོ་རྐང་དུ་བྱེད་པ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་གཏོད་པར་ཤུགས་སྣོན་རྒྱག་པ་དང་། ཧི་མ་ལ་ཡའི་ཕྱོགས་བསྡུས་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་རྒྱ་བསྐྲུན་པ། འགག་སྒོ་འཛུགས་སྐྲུན་དང་། དཔལ་འབྱོར་ཚོང་དོན། ཡུལ་སྐོར་སོགས་ཀྱི་དངོས་སྒྲུབ་མཉམ་ལས་བྱེད་པ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་རེད། ཙུང་ལི་ཕུའུ་ལ་ཁྲང་ཏ་དང་བཅས་པས་བོད་དུ་གཟིགས་སྐོར་མང་ཙམ་གནང་ནས་ནེ་པ་ལའི་དམངས་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔར་བས་ཡར་ཐོན་དང་། སྒོ་དབྱེ། མཛེས་སྡུག་བཅས་ཀྱི་བོད་ལྗོངས་ངོ་སྤྲོད་གནང་སྟེ། འཛམ་གླིང་གིས་བོད་ཤེས་རྟོགས་དེ་བས་ལེགས་པ་དང་བོད་ལྗོངས་འཛམ་གླིང་ཐོག་གང་མགྱོགས་སྐྱོད་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཕུའུ་ལ་ཁྲང་ཏ་ཡིས་ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་ཡུན་རིང་གི་དམངས་ཁྲོད་འབྲེལ་བ་དང་། རིག་གནས་སྤེལ་རེས། ཤེས་དཔལ་སྤེལ་རེས་བཅས་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་ཟབ་མོ་གནང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་བསྔགས་བརྗོད་ཟབ་མོ་གནང་བ་རེད། ཁོང་གིས་བོད་ལྗོངས་ནི་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དབར་འགྲོ་འོང་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཡིན་པས་དམིགས་བསལ་གྱི་ས་བབ་ལེགས་ཆ་དང་ས་འབྲེལ་གྱི་ལེགས་ཆ་ལྡན་ཡོད། ནེ་པ་ལས་བོད་རང་སྐྱོང་ལྗོངས་དབར་གྱི་མཛའ་གྲོགས་འབྲེལ་བར་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་ནས་བོད་དང་སྤེལ་རེས་དང་འགྲོ་འོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཞིང་ལས་དང་། ཚོང་དོན། ཡུལ་སྐོར། འགག་སྒོ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་འདོད་ཡོད་ཅེས་གསུངས་པ་རེད།