ཝང་ཅུན་ཀྲེང་གིས་ལྷ་ས་འགག་སྒོ་ལས་ཁུངས་ལ་བརྟག་ཞིབ་གནང་བ།
ཟླ་9ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་འགག་སྒོ་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་འགག་སྒོའི་ལོ་རྒྱུས་ཁང་དུ་ལྷ་ས་འགག་སྒོ་ལས་ཁུངས་བཙུགས་པའི་ལོ་རྒྱུས་ལ་མཁྱེན་རྟོགས་གནང་བཞིན་པ།
● འགན་འཁྲི་ནན་སྒྲུབ་དང་རང་འགན་གཙང་སྒྲུབ་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
ཚེས་26ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་འགག་སྒོ་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་བོད་ཀྱི་ལས་དོན་དང་འགག་སྒོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་འགན་འཁྲི་ནན་སྒྲུབ་དང་། རང་འགན་གཙང་སྒྲུབ། འགན་ནུས་འདོན་སྤེལ་བཅས་གང་ལེགས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
ཟླ་བ་ཚེ་རིང་དང་ཝང་ཡུང་མཉམ་དུ་བརྟག་ཞིབ་ལ་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་འགག་སྒོའི་ལོ་རྒྱུས་ཁང་དང་། ལག་རྩལ་ལྟེ་གནས། ལྟ་སྐུལ་ཚོད་འཛིན་བཀོད་འདོམས་ལྟེ་གནས་བཅས་སུ་ཕེབས་ནས་ལྷ་ས་འགག་སྒོ་ལས་ཁུངས་བཙུགས་པའི་ལོ་རྒྱུས་མཁྱེན་རྟོགས་དང་། ས་མཐོའི་ཆུའི་ཐོན་ཁུངས་དང་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སོགས་ཀྱི་ལག་རྩལ་ཞིབ་དཔྱད་ལས་དོན་ལ་རྟོག་ཞིབ་གནང་བ་དང་འབྲེལ་གཉའ་ནང་དང་། སྐྱིད་གྲོང་། སྤུ་ཧྲེང་། ལེགས་རྩེ། གྲོ་མོ་བཅས་ཀྱི་འགག་སྒོ་དང་བརྙན་ལམ་སྦྲེལ་ནས་འཐབ་ས་དང་པོའི་ལས་དོན་མི་སྣར་བྱམས་བརྩེའི་འཚམས་འདྲི་གནང་བ་མ་ཟད། ཚང་མས་དཀའ་སྤྱད་ལས་སྒྲུབ་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཁོང་གིས་མི་རིང་བའི་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུང་ཆི་ལ་ཕུའུ་འགག་སྒོ་ལས་ཁུངས་ཀྱི་ལས་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་འགག་སྒོའི་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོས་འགན་འཁྲི་དང་ལས་འགན་སྔར་བས་ཡག་པོ་བསྒྲུབ་པའི་ཐད་རེ་བ་བཏོན་གནང་བ་རེད།
ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་གངས་ལྗོངས་མཐའ་མཚམས་ཀྱི་རྒྱལ་མཚམས་ཀྱི་འཐབ་ས་དང་པོར་གཞི་ཚུགས་པ་དང་། སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ལས་གནས་ལ་གཞི་ཚུགས་ནས་རང་འགན་གཙང་སྒྲུབ་བཅས་བྱས་ཏེ་ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་རྒྱལ་མཚམས་ཀྱི་སྲུང་དམག་ཡག་པོ་ཞིག་བྱེད་དགོས། སྒྱུར་བཅོས་དང་གསར་གཏོད་ཟབ་ཏུ་གཏོང་བ་དང་། ཚན་རྩལ་གྱི་དཔལ་སྦྱིན་ལ་ཤུགས་སྣོན་རྒྱག་པ། ལྟ་འདོམས་རིག་ནུས་ཅན་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་འགག་སྒྲོལ་གྱི་ནུས་ཕྱོད་ཆེ་རུ་གཏོང་དགོས། “མི་དམངས་ཀྱི་འགག་སྒོ་ལས་ཁུངས་ཀྱིས་མི་དམངས་ཀྱི་ཆེད་དུ་འབད་པའི”འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་པ་དང་། མང་ཚོགས་ཀྱིས་སེམས་ཁུར་དང་ཁེ་ལས་ཀྱིས་དོ་ཁུར་བྱེད་སར་དམིགས་ནས་ལྟ་འདོམས་བརྒྱུད་རིམ་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་གཟུགས་བརྙན་ཡག་པོ་གཏོད་དགོས་ཞེས་གསུངས་པ་རེད།
ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ལས་དོན་སྙན་སེང་གསན་རྗེས། ཝང་ཅུན་ཀྲེང་གིས། ཉེ་བའི་ལོ་ཤས་རིང་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོ་སྤྱི་ཁྱབ་ཧྲུའུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལྗོངས་ཡོངས་ཀྱི་སྒོ་དབྱེའི་ལས་སྟེགས་འཛུགས་སྐྲུན་དང་། འགག་སྒོའི་བྱེད་ནུས་རྒྱ་སྐྱེད། ཕྱི་ཕྱོགས་ཀྱི་ཚོང་དོན་འཕེལ་རྒྱས་བཅས་མགྱོགས་པོ་ཡོང་བར་བྱས་པ་དང་། བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོན་པར་སྐུལ་འདེད་བཏང་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། འགག་སྒོ་ལས་ཁུངས་ཀྱིས་རྒྱལ་མཚམས་བརྟན་སྲུང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་ཁུར་ཡོད་པས་འགག་སྒོའི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ནས་འགག་སྒོ་ལས་ཁུངས་ཀྱི་ཕྲག་ཐོག་གི་འགན་འཁྲི་གལ་ཆེན་ལ་སྟངས་འཛིན་ཡང་དག་བྱེད་པ་དང་། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་ནས་རྒྱལ་མཚམས་ཀྱི་བདེ་འཇགས་སྲུང་བཅད་སྔར་བས་བརྟན་དུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པ་སྟེ།
ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་ཀའི་ཁྱོན་ཡོངས་ལ་གཅིག་འདོམས་བྱེད་དགོས་ཤིང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་།
རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས་འགག་སྒོའི་ལས་ཀའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཤིང་། གནད་དོན་གྱི་སྟོན་ཕྱོགས་དང་སྤྱི་ཡོངས་ཀྱི་ལྟ་བ་མཐའ་འཁྱོངས་ཀྱིས་གནས་ཚུལ་གསར་པ་དང་གནད་དོན་གསར་པ་དང་འགག་སྒོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཞན་ཆར་དམིགས་ཏེ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱེད་པ་དང་། ལྟ་འདོམས་ཀྱི་འདུ་ཤེས་དང་། ལམ་ལུགས་ལམ་སྲོལ། ལས་སྒོའི་རྣམ་པ་བཅས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ལས་ཀའི་ནུས་ཕྱོད་ཆེ་རུ་ཏན་ཏིག་གཏོང་དགོས་པ།
ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུ་དགོས་ཤིང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུན་འཁོར་གཉིས་དང་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་དང་མཉམ་འདྲེས་ཧུར་ཐག་ཡོང་བར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་བྱ་སྤྱོད་དང་། ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བའི་བྱ་སྤྱོད། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བའི་བྱ་སྤྱོད་བཅས་ལག་བསྟར་བྱེད་པ། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་སོགས་སྒོ་དབྱེ་རྣམ་པའི་ལས་སྟེགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ནས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་རམ་འདེགས་བྱེད་དགོས་པ།
འགག་སྒོ་ནན་སྐྱོང་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་པར་ཤུགས་རྒྱག་དགོས་ཤིང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”བླང་བྱ་མཐའ་འཁྱོངས་ཀྱིས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱས་ཏེ་ཕུལ་བྱུང་ལས་བྱེད་པ་གཟེངས་སུ་ཐོན་པའི་མི་སྣ་འདེམས་སྤྱོད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་གྱིས་ལས་བྱེད་པ་དང་ཤེས་ལྡན་པར“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྐུལ་ལྕག་གཏོང་བ། འགན་འཁྲི་ནན་སྒྲུབ་དང་ཡང་འབད་བསྐྱར་འབད་བཅས་བྱས་ནས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།