ཝང་ཅུན་ཀྲེང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་བརྟག་ཞིབ་གནང་བ།
དྲང་ནུས་དར་སྤེལ་དང་། དུས་བབ་གསར་པར་འཚམ་པ། གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
ཟླ་9ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཁྲོམ་ར་ཅན་གྱི་གཉེར་སྐྱོང་དང་། ཀུན་འདུས་སྨྱན་སྦྱོར་ཁྱབ་སྤེལ་མ་ལག་འཛུགས་སྐྲུན། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཟླ་9ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་ལེ་ཚན་ལྟ་ཉན་བྱེད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ལས་དོན་གྱི་གོ་རིམ་དང་ལས་སྟེགས་གཉེར་སྐྱོང་བྱས་ཚུལ་ལ་གཟིགས་བཞིན་པ།
ཚེས་25ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འདུ་ཤེས་འཛིན་སྟངས་ལས་དོན་གྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་དང་། དྲང་ནུས་དར་སྤེལ་དང་དུས་བབ་གསར་པར་འཚམ་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ལས་དོན་གྱི་ཞན་ཆ་སེལ་བ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ། གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པའི་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ལས་དོན་སྙན་སེང་གསན་རྗེས། ལྗོངས་ཡོངས་ཀྱི་གསར་འགྱུར་དྲིལ་བསྒྲགས་ལས་དོན་ལ་ཁས་ལེན་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་དྲིལ་བསྒྲགས་ལས་དོན་པས་དཀའ་སྤྱད་འབད་བརྩོན་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད། ཁོང་གིས་ལོ་མང་རིང་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་སྨྱན་སྦྱོར་གཙོ་བོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱེད་པ། བྱ་གཞག་ཁག་རྒྱུན་ཆད་མེད་པར་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་བཏང་ནས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་བརྟན་དུ་གཏོང་དགོས། གསར་འགྱུར་གླེང་ཕྱོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གོ་བ་བླངས་ཏེ་དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱས་ནས། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་དངོས་འབྲེལ་ཐུབ་པར་བྱེད་པ་དང་། འགག་སྒོ་ཡག་པོ་སྲུང་བ་དང་། དཔུང་ཁག་ལ་དོ་དམ་ཡག་པོ་བྱེད་པ། གཡུལ་ས་ཡག་པོ་སྲུང་བ་བཅས་བྱེད་པ། ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་གཞི་རིམ་ལ་དྲིལ་བསྒྲགས་དང་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས།
སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེན་བསྟར་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། གསར་འགྱུར་དྲིལ་བསྒྲགས་ལས་དོན་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་སྒོ་ནས་སྤེལ་ཏེ་མང་ཚོགས་ཀྱིས་གོ་ཐུབ་པ་དང་། ངེས་ཐུབ་པ། གོ་བ་ལེན་ཐུབ་པ། དོན་འཁྱོལ་ཐུབ་པ་བཅས་ལ་ཤུགས་བརྒྱབ་སྟེ། གསར་འགྱུར་དྲིལ་བསྒྲགས་ཀྱི་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་གསར་འགྱུར་དྲིལ་བསྒྲགས་ཀྱི་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་གསར་འགྱུར་དྲིལ་བསྒྲགས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པར་བྱེད་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གསོན་ཉམས་དོད་པའི་གཏམ་རྒྱུད་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་གོམས་གཤིས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། དེ་བས་ལེགས་པའི་ངང་བདེན་ལེགས་མཛེས་གསུམ་ཁྱབ་སྤེལ་དང་དྲང་ནུས་འཕེལ་བར་བྱེད་དགོས།
དྲ་རྒྱའི་ཕྱོགས་བསྡུས་དྲིལ་བསྒྲགས་མ་ལག་གང་མགྱོགས་བཙུགས་ནས། གསར་འགྱུར་སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་དྲ་རྒྱའི་རྣམ་པ་བཟང་པོ་གཏོད་དགོས། མཉམ་འདྲེས་སྨྱན་སྦྱོར་གྱི་ལས་སྟེགས་གསར་པ་བསྐྲུན་ནས་ཕྱོགས་ཁག་གི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཤེས་ལྡན་པ་གསོ་སྐྱོང་དང་ནང་འདྲེན་ལ་ཤུགས་རྒྱག་པ། སྨྱན་སྦྱོར་ནང་ངོས་ཀྱི་སྒྲིག་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཕྱོགས་ཡོངས་དང་། རིམ་པ་མང་བ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་གཙོ་རྒྱུན་གླེང་ཕྱོགས་ཀྱི་རྣམ་པ་ཞིག་གཏོད་གང་ཐུབ་ཀྱིས་སྨྱན་སྦྱོར་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དང་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། སྤྱི་འདོམས་མཐུན་སྦྱོར་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ནས་འགྱུར་ལྡོག་ཆེ་བའི་དུས་བབ་དང་ལས་འགན་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། སྒྱུར་བཅོས་ཀྱི་སྙིང་སྟོབས་ལ་བརྟེན་ཏེ་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་སྐུལ་འདེད་གཏོང་བ། དུས་རབས་ཀྱི་རང་བཞིན་མཚོན་པ་དང་། ཆོས་ཉིད་ཀྱི་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་རང་བཞིན་གྱིས་ཕྱུག་པ་བཅས་བྱས་ནས་ཏང་གི་གསུང་སྒྲ་ཁྱབ་སྤེལ་ལ་དེ་བས་ཁྱད་ཆོས་ལྡན་པ་དང་དེ་བས་གསོན་ཤུགས་ཀྱིས་ཁེངས་པར་བྱེད་དགོས། གླེང་ཕྱོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ལྟ་སྐུལ་གྱི་དབང་ཆ་ཡག་པོ་སྤྱོད་པ། ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་ཨུད་དང་སྲིད་གཞུང་གིས་ཡུལ་བབ་དམངས་འདུན་ཤེས་རྟོགས་དང་། འགལ་ཟླ་དང་གནད་དོན་ཤེས་རྟོགས། ལས་དོན་དངོས་ལ་སྐུལ་འདེད་གཏོང་བ་བཅས་ལ་རམ་འདེགས་བྱེད་དགོས།
སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། གསོན་ཤུགས་འཕེལ་བ་དང་། ལས་རིགས་གཙོ་བོ་སྟོབས་ཆེར་གཏོང་བ། ཐོན་ལས་ཆེན་པོ་གཉེར་བ་བཅས་བྱེད་དགོས། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྒྱུར་བཅོས་ལ་གསོན་ཤུགས་ཀྱིས་ཁེངས་པ་དང་། ནང་དོན་ལ་ལྟ་ཉན་བྱེད་མཁན་མང་བ། ལག་རྩལ་ལ་སྒུལ་ནུས་ལྡན་པ། ལས་སྟེགས་ལ་རིན་ཐང་ལྡན་པ་བཅས་ལ་སྣང་ཆེན་བྱས་ནས་ནང་དོན་གསར་གཏོད་དང་། ལག་རྩལ་གསར་གཏོད། ལམ་སྲོལ་གསར་གཏོད་བཅས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ནས་འཐུས་སྒོ་ཚང་བའི་ཉམས་མྱོང་དང་བྱེད་ཐབས་དཔྱད་གཞིར་གང་ལེགས་འཛིན་པ་དང་། ཆ་འཕྲིན་ལག་རྩལ་གྱི་འཕེལ་ཕྱོགས་གསར་པ་ཁོང་དུ་ཆུད་པ། སྒྱུར་བཅོས་དང་སྐུལ་ལྕག་གི་ནུས་པ་འདོན་སྤེལ་བཅས་བྱས་ནས་གསར་འགྱུར་ལས་དོན་པའི་ཧུར་སེམས་དང་རང་འགུལ་གྱི་བསམ་པ་སྐོང་འཐེན་གང་ལེགས་བྱེད་དགོས། རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ནང་དོན་སྔོག་འདོན་ཟབ་མོ་བྱེད་པ་དང་། རིག་གནས་སྤུས་རྟགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། རིག་གནས་ཐོན་རྫས་མཁོ་སྤྲོད་དང་། སྤྱི་པའི་རིག་གནས་ཞབས་ཞུ་ལེགས་སུ་གཏོང་བ། མང་ཚོགས་ཀྱི་བསམ་བློ་དང་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ལ་ཤུགས་རྒྱག་པ་བཅས་བྱས་ཏེ། རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
ཏང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་འཁྲིད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། གསར་འགྱུར་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་ཟུང་དུ་འབྲེལ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག ཆབ་སྲིད་ཀྱི་ལས་དོན་སྒྲུབ་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། ཏང་གིས་དྲིལ་བསྒྲགས་དང་། འདུ་ཤེས་འཛིན་སྟངས། སྨྱན་སྦྱོར་བཅས་ལ་དོ་དམ་བྱེད་པའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ། ལས་རིགས་ཀྱི་ཀུན་སྤྱོད་དང་གསར་འགྱུར་དྲིལ་བསྒྲགས་ཀྱི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བ། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་འོག་རང་རྟོགས་ངང་གནད་དོན་ལ་བསམ་གཞིག་དང་ལས་དོན་སྒྲུབ་པ་བཅས་བྱས་ནས། དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་དེ་ཐོག་མཐའ་བར་གསུམ་དུ་ཏང་ཐུགས་བློ་བདེ་པོ་དང་མི་དམངས་ཀྱིས་བློས་ཆོག་པའི་སྲ་ཞིང་བརྟན་པའི་མཁར་རྫོང་ཞིག་ཏུ་འགྱུར་བར་བྱེད་དགོས། ལག་ལེན་ཁྲོད་ནས་ཤེས་ལྡན་པ་ཤེས་རྟོགས་དང་ཤེས་ལྡན་པ་སྐྱེད་སྲིང་བྱས་ཏེ། ཕུལ་བྱུང་གི་ཤེས་ལྡན་པར་ནུས་རྩལ་ཀུན་འདོན་གྱི་ཁོར་ཡུག་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་ནས། ལས་ཀ་སྒྲུབ་འདོད་མཁན་ལ་གོ་སྐབས་ཡོད་པ་དང་། ལས་ཀ་སྒྲུབ་ཐུབ་མཁན་ལ་ལས་སྟེགས་ཡོད་པ། ལས་རྗེས་གཏོད་མཁན་ལ་གོ་གནས་ཡོད་པ་བཅས་བྱེད་དགོས།
གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་ཐག་གཅོད་ཧུར་ཐག་བྱས་ཏེ། རང་འགུལ་ངང་དུས་བབ་གསར་པའི་འོག་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་ལམ་སྲོལ་གསར་པར་འཚོལ་ཞིབ་བྱེད་དགོས། འདུ་ཤེས་མུ་མཐུད་ལེགས་སུ་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་དྲིལ་བསྒྲགས་ཀྱི་འདུ་ཤེས་གསར་གཏོད་དང་། དྲིལ་བསྒྲགས་ཀྱི་བྱེད་ཐབས་གསར་གཏོད། དྲིལ་བསྒྲགས་ཀྱི་གཞི་རྟེན་གསར་གཏོད། དྲིལ་བསྒྲགས་ཀྱི་ལས་ཀའི་ལམ་སྲོལ་གསར་གཏོད་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱེད་པ་དང་། ཏང་གི་གསུང་སྒྲ་བརྒྱུད་བསྒྲགས་ཡག་པོ་དང་ཏང་གི་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་པ་བཟང་པོ་ཧུར་ཐག་གཏོད་པ་བཅས་བྱེད་དགོས། བདེན་དོན་གྱི་སྟོབས་ཤུགས་དང་། མིག་དཔེའི་སྟོབས་ཤུགས། མི་གཤིས་ཀྱི་སྟོབས་ཤུགས་བཅས་བེད་སྤྱོད་ཡག་པོ་བྱེད་པ་དང་། མཐུན་སྒྲིལ་བརྟན་ལྷིང་ངར་འཕེལ་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། དཔེ་མཚོན་གྱི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱེད་པ། ངན་འདོམས་བཟང་སྤེལ་དང་བཟང་བསྟོད་ངན་སྨད་བྱེད་པ། བརྗོད་དོན་གཙོ་བོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་དྲང་ནུས་དར་སྤེལ་ཧུར་ཐག་གཏོང་བ་བཅས་ལ་བརྟེན་ནས་དུས་རབས་གསར་པའི་གསར་འགྱུར་དྲིལ་བསྒྲགས་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།