རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པ་གྲོལ་བ།
བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།
ཚེས་22ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་གྲོལ་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ་50ཚོགས་འདུར་ཞུགས་ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་ཁོ་དང་། བསམ་སྡིངས་རྡེ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཀྲང་ཡན་ཆིང་། ཞུས་ཁྲེང་ཚང་། འཇམ་དཔལ། ལིའུ་པོ་ཁྲེང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག 《མཚོ་སྣ་རྫོང་དང་སྨན་གླིང་རྫོང་གི་རྫོང་གྲོང་ཁྱེར་དུ་སྒྱུར་བའི་འབྲེལ་ཡོད་གནད་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་། གསར་དུ་བཟོས་པའི《བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འདུམ་སྒྲིག་སྲོལ་ཡིག》 《〈ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག〉ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》 《〈ལྷ་ས་གྲོང་ཁྱེར་གྱི་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་སྲོལ་ཡིག〉ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
ཚོགས་འདུའི་ཐོག་ད་དུང་མི་དོན་བསྐོ་འཐེན་དོན་ཚན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། བློ་བཟང་རྒྱལ་མཚན་གྱིས་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣར་ལས་གནས་བསྐོ་གཞག་ཡི་གེ་གནང་བ་རེད། དེ་རྗེས《དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་ལག་དེབ》སྤྲོད་པའི་མཛད་སྒོ་འཚོགས་པ་རེད།
བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་འཛུགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་མ་ཟད། དུས་རབས་གསར་པའི་ཁྲིམས་འཛུགས་ལས་དོན་གྱི་ལག་ལེན་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གིས་ཁྲིམས་འཛུགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། མི་དམངས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཁྲིམས་འཛུགས་ལས་དོན་གྱི་གཙོ་རྐང་དུ་བརྩིས་ནས་ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྲིམས་འཛུགས་དང་དྲིལ་བསྒྲགས་ཟུང་འབྲེལ་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས་ཁྲིམས་འཛུགས་དང་། བཅའ་ཁྲིམས་ཁྱབ་གདལ། ལྟ་སྐུལ་བཅས་ཟུང་འབྲེལ་བྱས་ཏེ། རང་ལྗོངས་ཀྱི་ས་གནས་ཁྲིམས་འཛུགས་ལས་དོན་དེ་དྲང་སྲུང་གསར་གཏོད་དང་། འཐུས་ཚང་འཕེལ་རྒྱས། བརྟན་ཐོག་ཡར་འཕེལ་བཅས་ཡོང་བར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས། ལྟེ་བར་དམིགས་པ་དང་། སྔོན་ལ་འཆར་འགོད། “དོན་ཆེན་བཞིར”དམིགས་པ་བཅས་བྱས་ནས་གསར་གཏོད་རང་བཞིན་གྱིས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་སྤེལ་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཛུགས་སྐྲུན་དང་དམངས་འཚོ་འགན་སྲུང་གཉིས་མཉམ་དུ་དམ་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ། གངས་ལྗོངས་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་པ། མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་ལ་རམ་འདེགས་བྱས་ནས“འཛུགས་གཏོད་བཞི”དེ་ཁྲིམས་སྐྱོང་ལམ་བུའི་ཐོག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས། ལས་འགན་གྲངས་བཤེར་དང་། ལས་ཡུན་བཀོད་སྒྲིག ལོ་སྟོད་ཀྱི་ལས་ཀའི་འཆར་གཞི་དང་ཞིབ་བསྡུར་བཅས་བྱས་ཏེ་ཁྲིམས་འཛུགས་དང་། ལྟ་སྐུལ། རང་ངོས་འཛུགས་སྐྱོང་སོགས་ཕྱོགས་ཁག་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་གྲ་སྒྲིག་ཡག་པོ་བྱས་ནས་སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་སྒོ་ནས་དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས་པ་བཅས་རེད།
ཚེས་22ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ལྔ་པས་ཚོགས་ཆུང་མཉམ་འབྲེལ་ཚོགས་འདུ་འཚོགས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》དང་དེ་བཞིན《བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་སྒྲོན་ལ་ཞིབ་བཤེར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཆེད་དོན་འདྲི་རྩད་བྱས་པ་རེད། ལིའུ་པོ་ཁྲེང་གིས་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཡིས་རྣམ་འགྱུར་མཚོན་པའི་གཏམ་བཤད་གནང་བ་རེད།
ཚོགས་འདུའི་རིང་བློ་བཟང་རྒྱལ་མཚན་གྱི་མངགས་བཅོལ་ལྟར་བསྟན་ཁོ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་ཞིང་། མཇུག་འགྲིལ་ཚོགས་འདུའི་ཐོག་བརྡས་ཐག་གཅོད་རྒྱུར་འབུལ་རྩིས་ཡོད་པའི་འབྲེལ་ཡོད་དོན་དག་ཞིབ་འཇུག་གནང་བ་རེད།