ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་22ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། ཤིས་ཚིག རྟེན་འབྲེལ་འཕྲིན་ཡིག འཕྲིན་ལན་དང་མཛུབ་སྟོན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་དུས་འཚོགས་པའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་ནང་། སྒྱུར་འཕེལ་བརྟན་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་བཅས་ཚུད་ཡོད་ཅིང་། གཟིགས་རྒྱང་རིང་བ་དང་། རིགས་པའི་གཞུང་ལུགས་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས་ང་ཚོས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། མིག་སྔར་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་མཇུག་འགྲིལ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་འགོ་ཚུགས་ཡོད། ཆབ་སྲིད་ཀྱི་བླང་བྱ་རྒྱུན་མཐུད་དོན་འཁྱོལ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ལས་དོན་ཁག་གི་བསམ་བློའི་སྣེ་ཁྲིད་དང་ཆབ་སྲིད་ཀྱི་འགན་ལེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས། གནད་དོན་དག་ཐེར་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་སྲིད་གཞུང་ཏང་ཙུའི་ཚན་ཁག་གི་བརྗོད་དོན་གཙོ་བོའི་སློབ་གསོར་ཐོབ་པའི་གྲུབ་འབྲས་གཏིང་ཟབ་དང་། རྒྱ་སྐྱེད། བེད་སྤྱོད་བཅས་ཡག་པོ་བྱས་ཏེ་ཏང་ཙུའི་ཚན་ཁག་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱས་ནས་སྲིད་གཞུང་གི་ལས་དོན་དེ་བས་ལས་ཕྱོད་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་དགོས། གྲུབ་འབྲས་གཞན་སྒྱུར་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ་སློབ་སྦྱོང་གཏིང་ཟབ་ཀྱིས་ཕུལ་བྱུང་བརྩོན་ལེན་དང་། སྔོན་ཐོན་བརྩོན་ལེན་བྱེད་ཕོད་པ། དངོས་སྒྲུབ་ཀྱིས་ཕན་འབྲས་ཐོན་པ་བཅས་ཀྱི་ཐད་འབད་བརྩོན་བྱས་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་གཏན་ལ་ཕབ་པའི་དམིགས་ཚད་ལས་འགན་ཡག་པོ་སྒྲུབ་པ་དང་དོན་འཁྱོལ་ཡག་པོ་བྱེད་དགོས།
ཡན་ཅིན་ཧའེ་ཡིས། འདི་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སླར་གསོ་དང་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་ངེས་པར་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་སླར་གསོ་བྱེད་པ་དེ་ནི་རླབས་དབྱིབས་ལྟར་གྱི་འཕེལ་རྒྱས་དང་ཀྱག་ཀྱོག་རྣམ་པའི་མདུན་སྐྱོད་ཀྱི་བརྒྱུད་རིམ་ཞིག་ཡིན་པ་གསལ་པོ་ཤེས་པ་བྱས་ནས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་དོགས་ཟོན་ཆེར་བསྐྱེད་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ནང་མཁོ་རྒྱ་སྐྱེད་གཏོང་བ་དང་། སྒུལ་ནུས་ཆེ་རུ་གཏོང་བ། མཐའ་ཚད་སྲུང་བ་བཅས་མཐའ་འཁྱོངས་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཧུར་ཐག་སྒྲུབ་པ་དང་། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཀའི་བསམ་ཕྱོགས་སྔ་ཙམ་ཇུས་འགོད། རྣམ་གྲངས་གལ་ཆེན་དང་། སྒྱུར་བཅོས་གལ་ཆེན། སྲིད་ཇུས་གལ་ཆེན། ལས་སྟེགས་གལ་ཆེན། འདུ་འགོད་གལ་ཆེན་བཅས་ཁག་གཅིག་ཞིབ་འཇུག་ཇུས་འགོད་ཞིབ་ཚགས་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།