དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-23

    ཚེས་21ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་ནན་ཏན་གནང་སྟེ། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་དེ་ཚུགས་གནས་མཐོ་བ་དང་མཁྱེན་རྒྱ་ཟབ་པ་ཞིག་ཡོད་པས། ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚན་རྩལ་གསར་གཏོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་ཀུན་སྤྱོད་མཁའ་འགྲུལ་དང་། ནུས་རྒྱུ་གཙང་མ། མཐོ་གསར་གྲངས་འཛིན་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་ཆགས་པར་བྱེད་དགོས། འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བསྲུངས་ནས་དེང་རབས་ཀྱི་འདེབས་འཛུགས་ལས་རིགས་ཀྱི་རིམ་སྤོར་འདུ་འགོད་ལག་བསྟར་བྱེད་པ་དང་། ཞིང་ལས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྷོ་རི་བྱང་རིའི་སྔོ་འགྱུར་གྱི་ལས་གྲྭ་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་སྤེལ་དགོས། ས་བབ་ཀྱི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། ཁྱད་ལྡན་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཁྱད་ལྡན་ཅན་དང་། སྤུས་དག་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་བཅས་རེད།

    ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་གཞུང་དོན་ཐིང་གི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་རྒྱལ་ཡོངས་ཀྱི་ཏང་ཨུད་དང་སྲིད་གཞུང་གི་དྲུང་ཆེའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་ལྷག་པར་དུ་གཞུང་དོན་ཐིང་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས“ཤུགས་སྣོན་ཆེན་པོ་དྲུག”གི་བླང་བྱ་ལྟར་གཞུང་དོན་ཐིང་གི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། དཔེ་བཟང་ལས་ཁུངས་ཧུར་ཐག་བཙུགས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་།  ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ་ཏང་ཀྲུང་དབྱང་གིས་གང་གསུང་དེ་སྒྲུབ་དང་སྲིད་བཀའ་ཤར་བགྲོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ནས་ལས་དོན་ཁག་ལ་ཞིབ་འཇུག་བསམ་གཞིག་དང་ཇུས་འགོད་བཀོད་སྒྲིག་བྱས་ནས་རང་འགུལ་ཞབས་ཞུ་དང་། ཞབས་ཞུ་སྤུས་ལེགས། ཞབས་ཞུ་ནུས་ལྡན། ཞབས་ཞུ་གནད་འཁེལ། ཞབས་ཞུ་རྒྱུན་རྣམ་ཅན་བཅས་ལ་རྒྱུན་མཐུད་ཤུགས་བརྒྱབ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས་ལྗོངས་ཡོངས་བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་བཙུགས་ཏེ་ཁྱོན་ཡོངས་དང་ཆ་ཤས་དང་མིག་སྔ་དང་སླད་ཕྱིན་དབར་གྱི་འབྲེལ་བར་སྟངས་འཛིན་ཡག་པོ་བྱས་ནས་ལས་ཀའི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་ཕྱོགས་ཡོངས་ནས་དོ་སྣང་བྱས་ཏེ་ཇུས་འདོན་མཁན་དང་ལས་རོགས་ཡག་པོ་བྱེད་པ་དང་སྒྲུབ་སྐུལ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས“ཞབས་ཞུ་གསུམ”གྱི་ལས་དོན་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ནས་ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱ་ཐབས་དེ་བས་ཏན་ཏིག་བཅས་ལ་བརྟེན་ནས་གཞུང་དོན་ཐིང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་དང་། བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས། ལམ་ལུགས་བཅས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་སྟེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ནས། ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཤིག་ཏུ་ཧུར་ཐག་གཏོད་དགོས།

    ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་གྱི་འཐུས་མིར་སྤྲིངས་པའི་འཕྲིན་ཡིག་གལ་ཆེན་དང་བྱང་ཤར་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། 2023ལོའི་ལྗོངས་ཡོངས་ཀྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་མཐོ་སློབ་ཀྱི་བསམ་བློ་ཆབ་སྲིད་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་སློབ་གསོའི་སྡེ་ཚན་གྱིས་ཏང་གི་སློབ་གསོའི་མཛད་ཕྱོགས་ལག་བསྟར་ནན་ཏན་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ། དུས་རབས་གསར་པའི་སློབ་གསོའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་སྲ་ཞིང་བརྟན་པའི་ཤེས་ལྡན་པའི་འདེགས་སྐྱོར་བྱེད་དགོས། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དགེ་རྒན་དོ་དམ་དང་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། དགེ་རྒན་གྱི་ཐོབ་ཐང་ལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་བཟང་པོ་གཏོད་དགོས། མི་དམངས་ཀྱི་བློ་ལ་བབས་པའི་སློབ་གསོ་ཡག་པོ་གཉེར་བ་དང་། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གཏིང་ཟབ་ཏུ་གཏོང་བ། སློབ་གསོའི་ཐོན་ཁུངས་སྤུས་ལེགས་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱེད་དགོས། སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀར་ཤུགས་སྣོན་རྒྱག་པ་དང“དུས་རབས་ཀྱི་མི་གསར་གྱི་སེམས་སྐྱེད་འདུ་འགོད”ལག་བསྟར་གཏིང་ཟབ་བྱས་ནས་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་ལས་ཀའི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།