དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་འཛོམས་དང་ཁྲོམ་སྐོར་རྔམ་སྟོན་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-22

    (1990ལོའི་ཟླ་5ཚེས་5ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་གྲོས་འཆམ་བྱུང་བ་དང་། 2004ལོའི་ཟླ་6ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི《〈《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་འཛོམས་དང་ཁྲོམ་སྐོར་རྔམ་སྟོན་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས〉ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་དང་པོ་བྱས། 2018ལོའི་ཟླ་3ཚེས་30ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི《〈《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་འཛོམས་དང་ཁྲོམ་སྐོར་རྔམ་སྟོན་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་5ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གཉིས་པ་བྱས། 2022ལོའི་ཟླ་12ཚེས་9ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གསུམ་པའི《〈བོད་རང་སྐྱོང་ལྗོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྲོལ་ཡིག〉སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དྲུག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་ཐེངས་གསུམ་པ་བྱས)

    དོན་ཚན་དང་པོ། སྤྱི་དམངས་ཀྱིས་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་ཁེ་དབང་ཁྲིམས་བཞིན་སྤྱོད་པར་འགན་སྲུང་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཚོགས་བདེ་འཇགས་དང་སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་འཛོམས་དང་ཁྲོམ་སྐོར་རྔམ་སྟོན་བཅའ་ཁྲིམས》ཀྱི་དོན་ཚན་སོ་ལྔ་པའི་གཏན་འབེབས་གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་བྱ་ཐབས་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་གཏོགས་པའི་སྤྱི་སྤྱོད་འགྲོ་ལམ་དང་ཐོག་མེད་མི་མང་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་དགོས་ཕྱིན། ངེས་པར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་འཛོམས་དང་ཁྲོམ་སྐོར་རྔམ་སྟོན་བཅའ་ཁྲིམས》དང་བྱ་ཐབས་འདིར་བརྩི་སྲུང་ཞུ་དགོས།

    དོན་ཚན་གསུམ་པ། སྤྱི་དམངས་ཀྱིས་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་ཁེ་དབང་སྤྱོད་པར་རིམ་ཁག་མི་དམངས་སྲིད་གཞུང་གིས་ཁྲིམས་བཞིན་འགན་སྲུང་བྱེད་དགོས།

    དོན་ཚན་བཞི་པ། སྤྱི་དམངས་ཀྱིས་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་ཁེ་དབང་སྤྱོད་སྐབས་ངེས་པར་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས་པ་ལས་རྩ་ཁྲིམས་ནང་གཏན་འཁེལ་བའི་གཞི་རྩའི་རྩ་དོན་ལ་ངོ་རྒོལ་བྱེད་མི་ཆོག་ལ། རྒྱལ་ཁབ་དང་། སྤྱི་ཚོགས། མཉམ་སྡེབ་བཅས་ཀྱི་ཁེ་ཕན་དང་། དེ་བཞིན་སྤྱི་དམངས་གཞན་དག་གི་ཁྲིམས་མཐུན་གྱི་རང་དབང་དང་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག

    མི་སུ་ཞིག་གིས་ཀྱང་ཆོས་ལུགས་དང་བྱེད་སྒོ་གཞན་ལ་བརྟེན་ནས་རྒྱལ་ཁབ་གཅིག་གྱུར་ལ་གནོད་འཚེ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གཏོར་བཤིག་གཏོང་བའི་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་སྐུལ་སློང་དང་སྒྲིག་འཛུགས་བྱེད་མི་ཆོག

    དོན་ཚན་ལྔ་པ། རང་སྐྱོང་ལྗོངས་འདི་གར་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པའི་གཙོ་འགན་ལས་ཁུངས་ནི་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་སའི་ས་གནས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་སྤྱི་བདེ་ཁྲུའུ་དང་ཅུད་ཡིན། ཁྲོམ་སྐོར་དང་རྔམ་སྟོན་བྱེད་སའི་ལམ་རྒྱུད་ས་གནས་དང་གྲོང་ཁྱེར་བརྒལ་བའི་རིགས་ཀྱི་གཙོ་འགན་ལས་ཁུངས་ནི་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཡིན།

    དོན་ཚན་དྲུག་པ། འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་སྐབས་ངེས་པར་དུ་འགན་འཁུར་བ་ཡོད་དགོས། འགན་འཁུར་བས་ངེས་པར་དུ་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་མ་བྱས་གོང་གི་ཉིན་ལྔའི་ནང་ཚུན་དུ་རང་གི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་འཁྱེར་ནས(རྔམ་སྟོན་དང་ཁྲོམ་སྐོར་བྱེད་ས་དེ་ས་གནས་གྲོང་ཁྱེར་གཉིས་ཡན་ལས་བརྒལ་དགོས་ཚེ་ཉིན་བཅུའི་གོང་དུ)གཙོ་འགན་ལས་ཁུངས་ལ་རེ་འདུན་ཞུ་ཡིག་འབུལ་དགོས།

    རེ་འདུན་ཞུ་ཡིག་ནང་ངེས་པར་དུ་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་དམིགས་ཡུལ་དང་། བྱ་ཐབས། སྦྱར་ཚིག འབོད་ཚིག མི་གྲངས། འཁོར་རིགས། སྒྲ་སྐྱེད་ཡོ་བྱད་ཀྱི་སྣ་རིགས་དང་གྲངས་འབོར། འགོ་འཛུགས་དང་མཇུག་འགྲིལ་གྱི་དུས་ཚོད། ས་གནས(འདུ་འཛོམས་ཁུལ་དང་ཁ་བགྲམ་ས་ཚུད) ལམ་རྒྱུད། སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་གྱི་མི་གྲངས་དང་། འགན་འཁུར་བའི་རུས་མིང་དང་། ལས་རིགས། ཚན་པ། སྡོད་གནས་བཅས་ཁ་གསལ་ཞིག་འགོད་དགོས།

    དོན་ཚན་བདུན་པ། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། ཁེ་ལས་དང་བྱ་གཞག་རྩ་འཛུགས་བཅས་ཀྱི་མིང་ཐོག་ནས་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་སྒྲིག་འཛུགས་བྱེད་པའམ་དེར་ཞུགས་དགོས་ཚེ། ངེས་པར་དུ་ཚན་པ་དེ་གའི་འགན་འཁུར་བའི་ཆོག་མཆན་ཐོབ་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་འཛོམས་དང་ཁྲོམ་སྐོར་རྔམ་སྟོན་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་བཞིན་རེ་ཞུ་མི་དགོས་པའི་རིགས་ཕུད།

    དོན་ཚན་བརྒྱད་པ། གཙོ་འགན་ལས་ཁུངས་ཀྱིས་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་ཞུ་ཡིག་འབྱོར་རྗེས། ངེས་པར་དུ་རེ་འདུན་ཞུས་པའི་སྤེལ་རྒྱུའི་དུས་ཚོད་ཀྱི་ཉིན་གཉིས་ཀྱི་གོང་དུ། ཆོག་པའམ་མི་ཆོག་པའི་གཏན་འབེབས་བརྡ་ཐོ་དེ་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་འགན་འཁུར་བར་སྐྱེལ་དགོས། མི་ཆོག་པ་ཡིན་ཚེ། ངེས་པར་དུ་དེའི་རྒྱུ་མཚན་གསལ་པོ་ཤོད་དགོས། དུས་བཅད་ལས་བརྒལ་ཀྱང་བརྡ་ཐོ་མ་འབྱོར་ཚེ་བྱེད་ཆོག་པར་བརྩི་རྒྱུ། རེ་འདུན་ཞུ་མཁན་འགན་འཁུར་བའི་རྐྱེན་གྱིས་གཏན་འབེབས་བརྡ་ཐོ་སྐྱེལ་ཐབས་མེད་པ་ཡིན་ཚེ་རེ་ཞུ་ཕྱིར་འཐེན་བྱས་པར་བརྩི་རྒྱུ།

    དོན་ཚན་དགུ་པ། འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་བྱས་ནས་ཞིབ་ཕྲའི་གནད་དོན་ཐག་གཅོད་ཡོང་བའི་རེ་བ་ཞུ་དགོས་ཚེ། གཙོ་འགན་ལས་ཁུངས་ཀྱིས་འབྲེལ་ཡོད་ལས་ཁུངས་སམ་ཚན་པར་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་རེ་ཞུ་མཁན་གྱི་འགན་འཁུར་བ་དང་གྲོས་མོལ་བྱས་ཏེ་གནད་དོན་ཐག་གཅོད་བྱ་རྒྱུའི་བརྡ་ཐོ་བཏང་ཆོག་པ་མ་ཟད། རེ་འདུན་ཞུས་པའི་སྤེལ་རྒྱུའི་དུས་ཚོད་དེ་ཉིན་ལྔ་ནར་འགྱངས་བྱས་ཆོག

    འབྲེལ་ཡོད་ལས་ཁུངས་སམ་ཚན་པས་ངེས་པར་དུ་གཙོ་འགན་ལས་ཁུངས་ཀྱི་གཏན་འབེབས་དུས་བཅད་ལྟར་གྲོས་མོལ་བྱས་འབྲས་གཙོ་འགན་ལས་ཁུངས་ལ་སྙན་སེང་ཞུ་དགོས།

    དོན་ཚན་བཅུ་པ། གཙོ་འགན་ལས་ཁུངས་ཀྱིས་རེ་ཞུའི་ནང་གི་དུས་ཚོད་དང་། ས་ཆ། ལམ་རྒྱུད་བཅས་གཞིར་བཟུང་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་བྱས་ན་འགྲིམ་འགྲུལ་གྱི་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་ཉེན་ཡོད་པའི་ངོས་འཛིན་བྱུང་ཚེ། ཆོག་འཐུས་གཏན་འཁེལ་བྱེད་སྐབས་སམ་ཡང་ན་ཆོག་འཐུས་གཏན་འཁེལ་བྱས་རྗེས་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་དུས་ཚོད་དང་། ས་ཆ། ལམ་རྒྱུད་བཅས་ལ་འགྱུར་ལྡོག་བཏང་ཆོག་པ་མ་ཟད་དུས་ཐོག་ཏུ་འགན་འཁུར་བར་བརྡ་ཐོ་གཏོང་དགོས།

    དོན་ཚན་བཅུ་གཅིག་པ། འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་འགན་འཁུར་བས་གཙོ་འགན་ལས་ཁུངས་ཀྱི་ཆོག་འཐུས་གཏན་འབེབས་འདོད་བློར་མ་བབས་ཚེ། གཏན་འབེབས་བརྡ་ཐོ་འབྱོར་བའི་ཉིན་གསུམ་གྱི་ནང་ཚུན་དུ་བྱེད་མི་ཆོག་པའི་གཏན་འབེབས་བཟོ་མཁན་གཙོ་འགན་ལས་ཁུངས་ཀྱི་རིམ་མཚུངས་མི་དམངས་སྲིད་གཞུང་ལ་བསྐྱར་གྲོས་གནང་རྒྱུའི་རེ་ཞུ་བྱས་ཆོག མི་དམངས་སྲིད་གཞུང་གིས་བསྐྱར་གྲོས་ཞུ་ཡིག་འབྱོར་རྗེས་ཀྱི་ཉིན་གསུམ་ནང་ཚུན་དུ་ཐག་གཅོད་བྱེད་དགོས།

    དོན་ཚན་བཅུ་གཉིས་པ། འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་འགན་འཁུར་བས་ཞུ་ཡིག་ཕུལ་རྗེས་གཙོ་འགན་ལས་ཁུངས་ཀྱི་བརྡ་ཐོ་མ་འབྱོར་གོང་རེ་ཞུ་ཕྱིར་འཐེན་བྱས་ཆོག་པ་དང་། གཙོ་འགན་ལས་ཁུངས་ཀྱི་ཆོག་འཐུས་བརྡ་ཐོ་འབྱོར་རྗེས་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་མི་བྱེད་རྒྱུའི་ཐག་བཅད་ཚེ། ངེས་པར་དུ་གཙོ་འགན་ལས་ཁུངས་ལ་དུས་ཐོག་ཏུ་གསལ་ཞུ་བྱེད་དགོས་པ་མ་ཟད། མི་སྣ་འདུ་འཛོམས་བྱས་རིགས་ངེས་པར་དུ་ཁ་བཀྲམ་རྒྱུའི་འགན་འཁུར་དགོས།

    དོན་ཚན་བཅུ་གསུམ་པ། སྤྱི་དམངས་ཀྱིས་རང་ཉིད་སྡོད་སའི་ས་གནས་ཕུད་པའི་གྲོང་ཁྱེར་དུ་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པར་སྐུལ་སློང་དང་སྒྲིག་འཛུགས། དེ་བཞིན་དེའི་ནང་ཞུགས་པ་བཅས་བྱེད་མི་ཆོག

    དོན་ཚན་བཅུ་བཞི་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱའི་འགན་འཁྲི་དང་འོས་འགན་ལས་འགལ་ཏེ་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་སྒྲིག་འཛུགས་སམ་ཡང་ན་དེའི་ནང་ཞུགས་པ་བཅས་བྱེད་མི་ཆོག

    དོན་ཚན་བཅོ་ལྔ་པ། ཁྲིམས་བཞིན་སྤེལ་བའི་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་ཐད་གཙོ་འགན་ལས་ཁུངས་ཀྱིས་མི་དམངས་ཉེན་རྟོག་པ་མངགས་གཏོང་བྱས་ནས་འགྲིམ་འགྲུལ་གྱི་སྒྲིག་ལམ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱས་ཏེ་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་བདེ་བླག་ངང་སྤེལ་རྒྱུར་འགན་སྲུང་བྱེད་དགོས།

    དོན་ཚན་བཅུ་དྲུག་པ། ཁྲིམས་བཞིན་ཁྲོམ་སྐོར་བྱེད་པའི་བརྒྱུད་རིམ་འགན་སྲུང་བྱེད་ཆེད། འགྲིམ་འགྲུལ་སྒྲིག་ལམ་སྲུང་མཁན་མི་དམངས་ཉེན་རྟོག་པས་འགྲིམ་འགྲུལ་སྒྲིག་སྲོལ་གྱི་འབྲེལ་ཡོད་གཏན་འབེབས་སྐབས་འཕྲལ་འགྱུར་བ་བཏང་ནས་ལག་བསྟར་བྱས་ན་ཆོག

    ཁྲོམ་སྐོར་དུ་སྐྱོད་བཞིན་པའི་ཁྲོད་བསམ་ཡུལ་ལས་འདས་པའི་གནས་ཚུལ་འཕྲད་ནས་ཆོག་མཆན་གནང་བའི་ལམ་རྒྱུད་ལྟར་འགྲོ་མི་ཐུབ་པའི་སྐབས། ས་ཡུལ་དངོས་ཀྱི་འགན་འཁུར་མི་དམངས་ཉེན་རྟོག་པར་ཁྲོམ་སྐོར་རུ་ཁག་གི་འགྲོ་ལམ་ལ་འགྱུར་ལྡོག་གཏོང་རྒྱུའི་དབང་ཆ་ཡོད།

    དོན་ཚན་བཅུ་བདུན་པ། ཁྲིམས་བཞིན་སྤེལ་བའི་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ལ་ཞུགས་རྒྱུའི་རེ་ཞུ་ཕུལ་མཁན་གྱི་མི་སྣ་ཕུད། དེ་མིན་གྱི་མི་སྣ་དེའི་ནང་ཞུགས་མི་ཆོག་པ་དང་། དྲག་ཤུགས་དང་འཇིགས་སྐུལ་ལམ་ཡང་ན་ཁྲིམས་འགལ་གྱི་བྱེད་ཐབས་གཞན་ལ་བརྟེན་ནས་ཟིང་སློང་བ་དང་། འུར་མཆོང་། གཏོར་བཤིག་གཏོང་བ་བཅས་བྱེད་མི་ཆོག

    དོན་ཚན་བཅོ་བརྒྱད་པ། རྒྱལ་ཁབ་ལས་ཁུངས་དང་། དམག་དོན་ལས་ཁུངས། གསར་འགྱུར་ཚན་པ། ལྷ་སར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ལས་ཁུངས་སོགས་ཚན་པ་གནས་ཡུལ་དུ་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་སྤེལ་བའམ་ཡང་ན་བརྒྱུད་དགོས་ཀྱི་ཡོད་ཚེ། གཙོ་འགན་ལས་ཁུངས་ཀྱིས་སྒྲིག་ལམ་སྲུང་ཆེད་ཉེ་འཁོར་དུ་གནས་སྐབས་ཀྱི་ཉེན་ཟོན་ས་ཐིག་བཏང་ན་ཆོག་པ་དང་། མི་དམངས་ཉེན་རྟོག་པའི་ཆོག་མཆན་མེད་པར་མི་སུ་ཞིག་གིས་ཀྱང་དེ་ལས་བརྒལ་མི་ཆོག

    དོན་ཚན་བཅུ་དགུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ཡང་ན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་ཕུད། གཤམ་གསལ་གནས་ཡུལ་གྱི་མཐའ་འཁོར་བར་ཐག་སྨིད་བཅུ་ནས་སུམ་བརྒྱའི་ནང་ཚུན་དུ་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་མི་ཆོག

    (གཅིག)རྒྱལ་ཁབ་ཀྱི་སྐུ་མགྲོན་བཞུགས་གནས་དང་།

    (གཉིས)གལ་ཆེའི་དམག་དོན་སྒྲིག་བཀོད།

    (གསུམ)མཁའ་འགྲུལ་ལྟེ་གནས་དང་མེ་འཁོར་འབབ་ཚུགས་བཅས་སོ།

    གོང་གསལ་དོན་ཚན་ནང་བཀོད་པའི་གནས་ཡུལ་གྱི་ཞིབ་ཕྲའི་མཐའ་འཁོར་བར་ཐག་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱ་རྒྱུ།

    དོན་ཚན་ཉི་ཤུ་པ། འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་སྐབས་ངེས་པར་དུ་ཆོག་མཆན་ཐོབ་པའི་དམིགས་ཡུལ་དང་། བྱ་ཐབས། སྦྱར་ཡིག འབོད་ཚིག འགོ་འཛུགས་མཇུག་འགྲིལ་གྱི་དུས་ཚོད། ས་གནས། ལམ་རྒྱུད་བཅས་དང་དེ་མིན་གྱི་དོན་གནད་ལྟར་བྱེད་དགོས།

    འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་སྐབས་ངེས་པར་དུ་ཞི་བའི་ཐོག་ནས་བྱེད་དགོས་པ་ལས་མཚོན་ཆ་དང་། འབར་གས་དངོས་རྫས། བཀག་སྡོམ་བྱས་པའི་གྲི། རྒྱུག་པ། རྡོ་སོགས་འཁྱེར་མི་ཆོག་ལ་དྲག་ཤུགས་སྤྱོད་པའམ་དྲག་ཤུགས་སྤྱོད་རྒྱུའི་ངན་སྐུལ་བྱེད་མི་ཆོག་ཅིང་། བདེ་སྐྱོང་དཀྲུག་པ་དང་། འགྲིམ་འགྲུལ་ལ་འགོག་རྐྱེན་བཟོ་བ། སྤྱི་རྫས་ལ་གཏོར་སྐྱོན་གཏོང་བ་བཅས་བྱེད་མི་ཆོག་ལ། ལམ་རྒྱུད་དུ་སྦྱར་ཚིག་དང་འབོད་ཚིག་རྐོས་འབྲི་བྱེད་མི་ཆོག

    དོན་ཚན་ཉེར་གཅིག་པ། འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་འགན་འཁུར་བས་ངེས་པར་དུ་མི་གྲངས་ངེས་ཅན་ཞིག་དམིགས་འཛུགས་ཀྱིས་གཅིག་གྱུར་མཚོན་རྟགས་བཏགས་ནས་མི་དམངས་ཉེན་རྟོག་པར་སྒྲིག་ལམ་སྲུང་རོགས་བྱས་ཏེ་བྱེད་སྒོ་ཁྲིམས་བཞིན་སྤེལ་ཐུབ་པའི་འགན་སྲུང་བྱེད་དགོས། མཚོན་རྟགས་ཀྱི་འདྲ་དཔེ་དེ་ངེས་པར་དུ་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་སྤེལ་བའི་ཉིན་གཅིག་གི་གོང་དུ་གཙོ་འགན་ལས་ཁུངས་ལ་སྙན་ཐོ་དཔོད་དགོས།

    དོན་ཚན་ཉེར་གཉིས་པ། འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་སྐབས་གཤམ་གསལ་གནས་ཚུལ་གྱི་རིགས་གཅིག་ཡོད་ན་སྤྱི་བདེ་ལས་ཁུངས་ཀྱིས་བཀག་འགོག་བྱེད་དགོས།

    (གཅིག)ཁྲིམས་ལྟར་རེ་འདུན་ཞུ་ཡིག་ཕུལ་མེད་པའམ་ཡང་ན་རེ་འདུན་ཞུ་ཡིག་ལ་ཆོག་མཆན་མ་ཐོབ་པའི་རིགས་དང་།

    (གཉིས)གཙོ་འགན་ལས་ཁུངས་ཀྱིས་ཆོག་མཆན་སྤྲད་པའི་དམིཌ་ཡུལ་དང་། བྱ་ཐབས། སྦྱར་ཡིག འབོད་ཚིག འགོ་འཛུགས་མཇུག་འགྲིལ་གྱི་དུས་ཚོད། ས་གནས། ལམ་རྒྱུད་ལྟར་མ་བྱས་པའི་རིགས།

    (གསུམ)བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ནང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའམ་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བའི་གནས་ཚུལ་ཐོན་པའི་རིགས་བཅས་སོ།

    གོང་གསལ་དོན་ཚན་ནང་བཀོད་པའི་གནས་ཚུལ་གྱི་རིགས་གཅིག་ཡོད་པ་མ་ཟད། བཀག་འགོག་བྱས་ཀྱང་མ་ཉན་ཚེ། ས་ཡུལ་དངོས་ཀྱི་འགན་འཁུར་མི་དམངས་ཉེན་རྟོག་པར་ཁ་བགྲམ་དུ་འཇུག་རྒྱུའི་དབང་ཆ་ཡོད་པ་དང་། གཏན་ནས་ཁ་མ་བགྲམ་ཚེ། ལས་ཡུལ་དངོས་ཀྱི་འགན་འཁུར་མི་དམངས་ཉེན་རྟོག་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དགོས་ངེས་ཀྱི་བྱ་ཐབས་སྤྱད་ནས་བཙན་ཤེད་ཀྱིས་ཁ་བགྲམ་དུ་འཇུག་རྒྱུའི་དབང་ཆ་ཡོད་ཅིང་། དང་ལེན་མི་བྱེད་མཁན་བཙན་ཤེད་ཀྱིས་ས་ཡུལ་དངོས་ནས་ཁྲིད་འགྲོ་བའམ་འཕྲལ་མར་ཁྲིམས་བཞིན་ཐག་གཅོད་བྱེད་དགོས།

    འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་ནང་ཞུགས་མཁན་གྱིས་བྱ་ཐབས་འདིའི་དོན་ཚན་བཅུ་བདུན་པ་དང་། བཅོ་བརྒྱད་པ། བཅུ་དགུ་པ། ཉི་ཤུ་པའི་ནང་གསེས་གཉིས་པ་བཅས་ཀྱི་གཏན་འབེབས་ལས་འགལ་བའམ་དེ་མིན་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་གཞན་ཡོད་ཚེ། ས་ཡུལ་དངོས་ཀྱི་འགན་འཁུར་མི་དམངས་ཉེན་རྟོག་པར་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་བཙན་ཤེད་ཀྱིས་ལས་ཡུལ་དངོས་ནས་ཁྲིད་འགྲོ་བའམ་འཕྲལ་མར་ཁྲིམས་བཞིན་ཐག་གཅོད་བྱེད་དབང་ཡོད།

    དོན་ཚན་ཉེར་གསུམ་པ། ཕྱི་རྒྱལ་བས་བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་བྱེད་པར་བྱ་ཐབས་འདི་སྤྱད་ན་འཐུས།

    གཙོ་འགན་ལས་ཁུངས་ཀྱི་ཆོག་མཆན་མ་ཐོབ་པར་ཕྱི་རྒྱལ་བས་རང་ལྗོངས་ཀྱི་སྤྱི་དམངས་ཀྱིས་སྤེལ་བའི་འདུ་འཛོམས་དང་། ཁྲོམ་སྐོར། རྔམ་སྟོན་བཅས་ཀྱི་ནང་དུ་ཞུགས་མི་ཆོག

    དོན་ཚན་ཉེར་བཞི་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འདུ་འཛོམས་དང་ཁྲོམ་སྐོར་རྔམ་སྟོན་བཅའ་ཁྲིམས》དང་བྱ་ཐབས་འདི་ལས་འགལ་ཚེ་ཁྲིམས་བཞིན་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ།

    དོན་ཚན་ཉེར་ལྔ་པ། བྱ་ཐབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།