ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་བཞུགས་མོལ་ཚོགས་འདུར་ཝང་ཅུན་ཀྲེང་གིས་ཁྲིམས་ཁང་གི་ལས་དོན་སྙན་སེང་གསན་བཞིན་པ།
● ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཁྲིམས་ཁང་ཁོངས་གཏོགས་ཀྱི་ལས་དོན་གྱི་སྤྱིའི་ཆུ་ཚད་མཐོ་རུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་ངང་བསྒྲུབ་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། དམངས་ཆེད་ཁྲིམས་འཛིན། ཁྲིམས་འཛིན་དྲང་གཞག་བཅས་མཐའ་འཁྱོངས་ཀྱིས་ཁྲིམས་ཁང་ཁོངས་གཏོགས་ཀྱི་ལས་དོན་ཧྲིལ་པོའི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་ཁྲིམས་ཁང་གི་ལོ་རྒྱུས་ཁང་དང་རིག་ལྡན་ཁྲིམས་ཁང་དུ་ཕེབས་ཏེ་གཏུག་བཤེར་ཞབས་ཞུ་དང་། ཆ་འཕྲིན་ཅན་འཛུགས་སྐྲུན། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་དང་། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་མི་དམངས་ཁྲིམས་ཁང་ཤག་ཆུ་མི་དམངས་ཁྲིམས་ར་དང་བརྙན་ལམ་འབྲེལ་མཐུད་བྱས་ཏེ། གཞི་རིམ་གྱི་འཐབ་ས་དང་པོའི་ཁྲིམས་རའི་ལས་སྒོ་སྤེལ་ཚུལ་གསན་ནས་གཞི་རིམ་ཁྲིམས་ཁང་གིས་དམངས་བདེ་དམངས་ཕན་གྱི་ཁྲིམས་འཛིན་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་དང་དམངས་ཆེད་ཁྲིམས་འཛིན་གྱི“མཐའ་མའི་འགག་གནད”སྒྲོལ་ཐབས་བྱེད་པ་སོགས་ཀྱི་ལས་ཀའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་མང་ཚོགས་ཀྱིས་རེ་བ་ཞུ་བའི་ཐབས་ལམ་སྔར་བས་ཤར་བགྲོད་ཐུབ་པ་དང་། ལས་ཀའི་བྱེད་ཐབས་རྒྱ་སྐྱེད་དང་ཞིབ་ཕྲ་བཟོ་བ། མང་ཚོགས་ཀྱི་རེ་སྒུག་ལ་ལན་དེ་བས་ཡག་པོ་སློག་པ་བཅས་བྱས་ཏེ། ཁྲིམས་ཁང་གི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཝང་ཅུན་ཀྲེང་གིས་ཁྲིམས་ཁང་གི་ལས་དོན་སྙན་སེང་གསན་ནས་ཁྲིམས་ཁང་གི་ལས་དོན་ལ་ཁས་ལེན་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་བརྟེན་ནས་ལས་དོན་གྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུར་དམ་འཛིན་ཡང་དག འདྲི་གཅོད་ལག་བསྟར་ལ་དམ་འཛིན་ཡག་པོ། དམངས་ཆེད་ཁྲིམས་འཛིན་ལ་དམ་འཛིན་ཏན་ཏིག དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། ལས་བྱེད་པ་དང་ཉེན་རྟོག་པ་ཚང་མའི་སྙིང་སྟོབས་རབ་ཏུ་འཕེལ་བ་དང་ལས་སྒྲུབ་ལས་གཏོད་ཀྱི་ཧུར་སེམས་ཆེ་རུ་བཏང་ནས་ལས་དོན་ཁག་ལ་ཟམ་མི་ཆད་པར་ཡར་རྒྱས་གསར་པ་ཐོབ་པར་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་གོ་བ་ལེན་པ་དང་དེའི་ཁྲོད་ཀྱི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཧུར་ཐག་ཆུད་པར་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མི་དམངས་ཁྲིམས་ཁང་གི་ལས་དོན་ཁག་ནང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དམངས་ཆེད་ཁྲིམས་འཛིན། ཁྲིམས་འཛིན་གཞུང་དྲང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་ཁྲིམས་ཁང་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་མི་དམངས་ཁྲིམས་ཁང་གི་འགན་ནུས་ཀྱི་ངེས་གནས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སྤྱི་ཡོངས་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ་བོད་ཡུན་རིང་བདེ་འཁོད་ལ་རྨང་གཞི་བརྟན་པོ་ཞིག་འདིང་དགོས། འདུ་ཤེས་གསར་སྒྱུར་ཧུར་ཐག་དང་། དུས་བབ་ཀྱི་འགྱུར་ལྡོག་དང་རང་འགུལ་ངང་འཚམ་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས། ཁྲིམས་ཁང་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འགག་གནད་དང་དཀའ་གནད་གནད་འཁེལ་དང་ཏན་ཏིག་ངང་འཚོལ་བ་དང་ཁྲིམས་ཁང་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་འཇུར་མིག་གི་ཚོད་འཛིན་སེལ་དགོས། སྤྱི་ཡོངས་ལ་ཞབས་འདེགས་གནད་སྨིན་ཞུ་བ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མང་ཚོགས་ཀྱི་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་ཀྱི་བདེ་འཇགས། མི་དམངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་དགོས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་། རྒྱང་ལྟའི་རང་བཞིན་གྱི་བསམ་བློ་དང་། སྤྱི་ཡོངས་རང་བཞིན་གྱི་འཐབ་ཇུས། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་ལ་ཤུགས་སྣོན། དོན་དངོས་ལ་གཞི་འཛིན་པ་དང་བཅའ་ཁྲིམས་ཚད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་སྣ་ཚོགས་ཟམ་མི་ཆད་པར་སྐོང་ཐབས་བྱས་ནས་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམངས་ཆེད་ཁྲིམས་འཛིན་གྱི་དམིགས་ཡུལ་ལག་ལེན་བསྟར་ནས་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གཙོ་འགན་གཙོ་ལས་ལ་དམིགས་ནས་མི་དམངས་མང་ཚོགས་ཀྱི་བདེ་སྣང་ལ་ཤུགས་རྐྱེན་ཐེབས་པའི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ནས། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བ་དང་། ཚན་རྩལ་ལ་བརྟེན་ནས་འདྲི་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། གྲངས་འཛིན་ལ་བརྟེན་ནས་ལས་ཆོད་ཆེ་རུ་གཏོང་བ། ལྟ་སྐུལ་གྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྒྱུར་དང་ཁྲིམས་འཛིན་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་ནས་གཞུང་དྲང་དྲང་བདེན་ཚོར་དུ་འཇུག་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཉེན་རྟོག་པ་ནན་སྐྱོང་དང་ཉེན་རྟོག་པར་གཟིགས་སྐྱོང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཁྲིམས་ཁང་གི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་རྒྱུ་གོ་སྐབས་སུ་བྱས་ནས། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་། ལྷག་བསམ་ཟོལ་མེད་ངང་ཞུན་བརྡར། འཇོན་ཐང་ཆེར་གཏོང་བཅས་བྱས་ཏེ། གཞུང་དྲང་སྤྱོད་གཙང་ཡོང་བར་སྐུལ་འདེད་གཏོང་དགོས། ཁྲིམས་སྐྱོང་སྐོར་གྱི་དྲིལ་བསྒྲགས་དང་སློབ་གསོ་གཏིང་ཟབ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བཏང་ནས། ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། གནད་དོན་ཐག་གཅོད་བྱེད་དུས་ཁྲིམས་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པ་དང་ཉེན་རྟོག་པར་དགའ་ཞེན་གྱི་བྱེད་ཐབས་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་ལས་བྱེད་པར་གདེང་འཇོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ལས་སྒྲུབ་ལས་གཏོད་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བཏོད་ནས། དུས་རབས་གསར་པའི་ཉམས་སད་ཐེག་ཐུབ་པའི་ཁྲིམས་ཁང་གི་དཔུང་ཁག་ཅིག་རྒྱུན་ཆད་མེད་པར་གཏོད་དགོས་པ་བཅས་རེད།