དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཤའོ་ཡིའུ་ཚའེ།
  • ཤའོ་ཡིའུ་ཚའེ་ཡིས་ལྷ་ས་གྲོང་ཁྱེར་དུ་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གནད་དོན་གྱི་དག་ཐེར་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-22

    ཚེས་20ཉིན་གྱི་སྔ་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་ལྷ་ས་གྲོང་ཁྱེར་དུ་རེས་སྐོར་གཉིས་པའི་ཁག་དང་པོའི་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དང་པོའི་ལས་ཀའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། ལྟ་བཤེར་ཚོགས་ཆུང་གིས་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་དག་ཐེར་དང་ཐག་གཅོད་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འཇམ་དཔལ་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

    ཤའོ་ཡིའུ་ཚའེ་དང་བཅས་པ་ཁྲེང་ཀོན་ཆུས་ཆིང་མུའུ་ཁྲེང་ཞང་ཡོན་ཁུལ་ཆུང་དང་དབྱང་ཅི་ཧྭ་ཡོན་ཁུལ་ཆུང་དུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་དང་སྙན་ཞུ་གསན་པ་སོགས་ཀྱི་བྱ་ཐབས་བརྒྱུད། རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་དང་པོས་མང་ཚོགས་ཀྱི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་དག་ཐེར་དང་ཐག་གཅོད་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ལྟ་ཞིབ་ཚོགས་ཆུང་གིས་མང་ཚོགས་ཀྱིས་ཐེར་འདོན་གོང་ཞུ་བྱས་པའི་ཁུལ་ཆུང་དེ་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དག་ཐེར་དང་ཐག་གཅོད་བྱས་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། མུ་མཐུད་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས་ཞེས་གསུངས་པ་རེད།

    ཁོང་གིས། དྲིལ་བསྒྲགས་དང་སློབ་གསོའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ལ་གད་སྙིགས་གང་བྱུང་དུ་མི་དབྱུགས་པ་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས་པ་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས་ཁྲིམས་སྒྱུར་ཞིབ་བཤེར་དང་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ལས་བགོས་ཁ་གསལ་དང་རང་འགན་རང་འཁུར་གྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་གྱི་དག་ཐེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བསམ་བློའི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་སྟེ་གཏན་འབེབས་ཀྱི་བྱ་སྤྱོད་ཡག་པོ་སྒྲུབ་པ་དང་ཆབས་ཅིག་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་ཡོད་པའི་བྱེད་སྟངས་ཧུར་ཐག་གཏོད་པ་དང་། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་འདེབས་པ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།