ལའེ་ཅའོ་ཡིས་འབྲེལ་གཏུག་ས་ཚིགས་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོར་བརྟག་ཞིབ་གནང་བར་ཕེབས་པ།
ཚེས་18ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་འབྲེལ་གཏུག་ས་ཚིགས་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོར་ཕེབས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྒྲོག་འགྲེལ་གནང་བ་དང་། གྲོང་གསེབ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོགས་ཀྱང་གནང་བ་རེད། ཁོང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་པ། གྲོང་གསེབ་དར་རྒྱས་གཏོང་བའི“དཔལ་འབྱོར་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ”བཅས་འཚོལ་ཞིབ་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་དགོས་པའི་ནན་བཤད་གནང་བ་རེད།
ལའེ་ཅའོ་ཡིས། ལྷ་ཡུལ་ཤང་ཆང་ཁྱིམ་གཞིས་ཀའི་ཡུག་ཁུལ་གྱི་གྲོང་གསེབ་དར་རྒྱས་དཔེ་སྟོན་རྣམ་གྲངས་དང་། ཕུན་ཚོགས་ཁང་བཟང་སྦྲ་གུར་གསོལ་མགྲོན་ཁང་། ཆང་ཁྱིམ་ནས་ཆང་བཟོ་གྲྭ་སོགས་འཛུགས་སྐྲུན་བྱས་ཚུལ་ལ་གཟིགས་ཞིབ་གནང་སྟེ། ཁྱད་ལྡན་ཅན་དང་སྤུས་ལེགས་ཅན་གྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་ཕྱོགས་ལ་ཁས་ལེན་ཡང་གནང་བ་རེད། ཁོང་གིས། བོད་ཀྱི་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ“དྲ་ཐོག་མིང་ཅན”ཧུར་ཐག་གཏོད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་དགོས་མཁོར་བརྟེན་ནས་མཁོ་སྤྲོད་ལ་ཁྲིད་སྟོན་དང་མཁོ་སྤྲོད་ལ་བརྟེན་ནས་དགོས་མཁོ་གཏོད་པ་བརྒྱུད་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་གྲོང་གསེབ་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ལའེ་ཅའོ་ཡིས་ཆང་ཁྱིམ་གཞིས་ཀའི་སྤྱི་པའི་རིག་གནས་ལྟེ་གནས“གྲངས་འཛིན་ཅན་དང་དངོས་ལྗོངས་ཟུང་འབྲེལ”གཏོད་པའི་འབྲེལ་ཡོད་བསམ་ཕྱོགས་གསན་རྗེས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་རིག་གནས་དང་རིག་དངོས་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབས་ཏེ་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་ཟབ་པ་དང་རང་བྱུང་ཡུལ་ལྗོངས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཡུལ་སྐོར་གྱི་མིང་བྱང་གསར་པ་གཏོད་དགོས། གྲངས་འཛིན་ཅན་ལ་བརྟེན་ནས་རིག་དངོས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་སྟངས་གསར་གཏོད་བྱེད་པ་དང་། ཕྱོགས་ཡོངས་དང་། ཟུར་ཚད་མང་བ། རྣམ་པ་མང་བ་བཅས་ཀྱི་དབྱིངས་ཞུགས་པའི་རྣམ་པའི་སྤེལ་རེས་ཉམས་ལེན་བྱས་ཏེ་ཡུལ་སྐོར་བས་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་གཏིང་ཟབ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།