བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གླེང་སྟེགས་སྐབས་དང་པོའི་བརྗོད་དོན་གཙོ་བོའི་གླེང་སྟེགས་ལྷ་སར་གཉེར་བ།
བློ་བཟང་རྒྱལ་མཚན་དང་ཏོན་དབྱི་ཅུན་ཚོགས་འདུར་ཞུགས་པ།
ཚེས་19ཉིན་གྱི་སྔ་དྲོར། བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གླེང་སྟེགས་སྐབས་དང་པོའི་བརྗོད་དོན་གཙོ་བོའི་གླེང་སྟེགས་ལྷ་སར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་རེད།
རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏོན་དབྱི་ཅུན་དང་། ཀྲུང་དབྱང་བོད་ལྗོངས་ལས་དོན་མཐུན་སྦྱོར་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་དགྲ་འདུལ་ཚོགས་འདུར་ཞུགས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་གྱིས་བརྗོད་དོན་གཙོ་བོའི་གླེང་སྟེགས་སྐབས་དང་པོ་དང་གཉིས་པ་གཙོ་སྐྱོང་གནང་བ་རེད།རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། ཕུར་བུ་དོན་གྲུབ། ཞུས་ཁྲེང་ཚང་། ཀྲང་ཧུང་པོ། བསོད་ནམས་ཉི་མ། ཞུས་ཀྲི་ཐའོ། ཀུང་ཧུའེ་ཚའེ། མོང་ཞའོ་ལིན། བཀྲ་ཤིས་ཟླ་བ། ཡུས་ཡུན་ཀུའེ་བཅས་གླེང་སྟེགས་ལ་ཞུགས་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གཅིག་གི་སྐུ་མགྲོན་དང་ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་གི་འཐུས་མི་བསྡོམས་400ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
གླེང་སྟེགས་ཐོག་སྡེ་ཚན་མི་འདྲ་བ་དང་ལས་རིགས་མི་འདྲ་བ་ནས་ཕེབས་པའི་སྐུ་མགྲོན་གྱི་འཐུས་མི་22ཀྱིས“ཀྲུང་ཧྭ་ཡི་བླ་སྲོག་བརྟན་འཛུགས་ཀྱིས། དཔེ་བཟང་ཁུལ་མཉམ་དུ་འཛུགས་གཏོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་རང་སོ་སོའི་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་དང་ལས་ཀའི་ལག་ལེན་དང་ཟུང་འབྲེལ་གྱིས་མྱོང་ཚོར་གླེང་བ་དང་། ལྟ་བ་ཤོད་པ། གྲོས་འགོ་འདོན་པ་བཅས་བྱས་ཏེ། བོད་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པར་ཐབས་འདོན་ཇུས་འབུལ་གནང་ཡོད།
འཐུས་མི་ཚོས་ངོས་འཛིན་གནང་དོན། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དོན་སྙིང་གལ་ཆེན་དང་། ཚན་རིག་གི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་ངོས་འཛིན་གང་ལེགས་དང་ཁོང་དུ་ཆུད་པར་བྱས་ནས། དེ་ཉིད་བོད་ཀྱི་ལས་དོན་ཁག་གི་གཙོ་རྐང་དང་འཐབ་ཇུས་རང་བཞིན་གྱི་ལས་འགན་ལ་བརྩིས་ནས་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་དམིགས་ཡུལ་དུ་བྱས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ཐུབ་པར་སྐུལ་འདེད་བཏང་སྟེ“མོས་སེམས་ལྔ”ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
འཐུས་མི་ཚོས་གསུངས་དོན། རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་དང་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་མི་རིགས་ཁག་གི་མི་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་སེམས་མཐུན་སྟོབས་སྒྲིལ་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་དུ་གཏོང་བ་དང་། “དོན་ཆེན་བཞིར”དམིགས་པ།“འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། མི་རིགས་ཀྱི་བློ་ཁ་ཕྱོགས་ཤུགས་དང་གོང་བུ་སྒྲིལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་ཟབ་ཏུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འབུངས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་བཅས་བྱས་ཏེ། ཡིད་ཆེས་བརྟན་པོའི་སྒོ་ནས་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྐས་རིམ་གསར་པར་སླེབས་པ་དང་ཕན་འབྲས་གསར་པ་ཐོན་པར་སྐུལ་འདེད་གཏོང་དགོས།